དཔྱིད་ཀྱི་དུས་སུ་ཤིང་འཛུགས་ནགས་བཟོར་བྲེལ།
—— གཞིས་རྩེ་གྲོང་ཁྱེར་གྱིས་ཤིང་འཛུགས་ནགས་བཟོའི་བྱེད་སྒོ་རྒྱུན་མཐུད་སྤེལ་བ།
མྱང་ཆུ་གཙང་པོའི་ངོགས་ཀྱི་དཔྱིད་དཔལ་རིམ་བཞིན་བཞད་ནས་ཤིང་འཛུགས་ནགས་བཟོའི་དུས་ཚོད་ཡག་ཤོས་སུ་སླེབས་ཡོད་ཅིང་། གྲོང་ཁུལ་ནས་ཞིང་ཁུལ་བར་དང་སྤྱི་གླིང་ནས་གྲོང་གསེབ་བར་གཞིས་རྩེའི་ས་གཞི་ཆེན་པོའི་གནས་གང་སར་ཤིང་འཛུགས་ནགས་བཟོའི་ལས་ལ་བྲེལ་བའི་གཟུགས་བརྙན་མཐོང་རྒྱུ་ཡོད།
གཞིས་རྩེ་གྲོང་ཁྱེར་གྱི་2025ལོའི་གྲོང་ཁྱེར་རིམ་པའི་འོས་འགན་ཤིང་འཛུགས་བྱེད་སྒོ་དེ“གཅིག་སྡུད་ཤིང་འཛུགས་དང་ཁག་བགོས་འགན་ལེན་ཟུང་འབྲེལ”གྱི་རྣམ་པའི་ཐོག་ནས་སྤེལ་ཞིང་། ལས་བྱེད་པ་དང་ལས་བཟོའི་འཐུས་མི་དང་། ནགས་ཚལ་མེ་གསོད་རུ་ཆེན་གྱི་རུ་མི་ཡོངས། སློབ་མ། སྐྱེད་ཚལ་སྔོ་འགྱུར་ཀུང་སིའི་ལས་དོན་པ་སོགས་མི་གྲངས་200ལྷག་ཙམ་གཙང་གདོང་གྲོང་ཚོར་གཅིག་སྡུད་ཤིང་འཛུགས་བྱེད་སྒོར་ཞུགས་པ་དང་། གྲོང་ཁྱེར(ཀྲུང་དབྱང་དང་རང་སྐྱོང་ལྗོངས)ཐད་གཏོགས་དང་བཅའ་སྡོད་ས་ཁུལ་གྱི་དཔུང་སྡེ་སོགས་ཚན་པ་107གྱིས་དུས་གཅིག་ཏུ་གྲོང་ཁུལ་མཐའ་འཁོར་གྱི་མུའུ་ཁྲི་4.7ཟིན་པའི་གཙོ་གནད་ས་ཁོངས་སུ་ཤིང་འཛུགས་པ་དང་ཆུ་འདྲེན་པ་སོགས་ཁག་བགོས་འགན་ལེན་གྱི་ལས་དོན་སྤེལ་བ་རེད།
ས་སྐྱ་རྫོང་བཀྲ་ཤིས་སྒང་ཤང་ཡུལ་གསར་གྲོང་ཚོ་དང་། ཁྲ་བོ་གྲོང་ཚོ། བཀྲ་ཤིས་སྒང་གྲོང་ཚོ་བཅས་ཀྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚུགས་སུ“ཤིང་འཛུགས་ནགས་བཟོ་དང་། ཁྱིམ་གཞིས་སྔོ་འགྱུར། ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད”ཅེས་པའི་བརྗོད་དོན་གཙོ་བོའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་ཞིང་། དང་བླངས་པ་235ཡིས་གྲོང་ཚོ་ཁག་གི་སྔར་ཡོད་ཀྱི་ས་སྟོང་དུ་སྡོང་ཕྲུག་རྐང་2910ལྷག་ཙམ་བཏབ་པས་གྲོང་ཚོར་བཀྲག་མདངས་འཚེར་སའི་ཡུལ་ལྗོངས་གསར་པ་ཞིག་བསྐྲུན་ཡོད། བཞད་མཐོང་སྨོན་རྫོང་སྟག་མོ་ཤར་ཤང་ལས་ཁུངས་ཏང་ཀྲི་པུའུ་ཡིས་ཁྱུང་མདའ་གྲོང་ཚོའི་ཏང་ཀྲི་པུའུ་དང་ཤང་མངགས་གཏོང་ཁང་གི་ཏང་ཀྲི་པུའུ་དང་མཉམ་དུ“སྔོ་ལྗང་ལ་དགའ་ཞེན་དང་། སྔོ་ལྗང་འདེབས་འཛུགས། སྔོ་ལྗང་སྲུང་སྐྱོང་། སྔོ་ལྗང་མང་དུ་གཏོང་བའི”བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ནས“ཏང་འཛུགས་སྐྱོང་དང་སྐྱེ་ཁམས་དོ་དམ་དང་སྲུང་སྐྱོང་ཟུང་འབྲེལ”གྱི་བྱ་ཐབས་བརྒྱུད་ཤིང་འཛུགས་ནགས་བཟོ་དང་གྲོང་གསེབ་སྔོ་འགྱུར་གྱི་འཆར་འགོད་ཟུང་འབྲེལ་དམ་ཟབ་བྱས་ཏེ། ས་གནས་ས་ཐོག་ཏུ་འགན་འཁྲིའི་ཁུལ་ཁོངས་དབྱེ་བ་དང་། ལས་བགོས་བརྒྱུད་རིམ་ཞིབ་ཕྲ་བཟོས་ནས“ཡུག་གཅིག་ལ་འདེབས་འཛུགས་དང་། ཡུག་གཅིག་གསོན་པ། ཡུག་གཅིག་སྔོ་ལྗང”བཅས་ཡོང་བའི་འགན་ལེན་བྱས་ཡོད། དིང་རི་རྫོང་དུ་ལས་བྱེད་པ་དང་ལས་བཟོ་ཁག་གཅིག་གིས་སྡོང་ཕྲུག་འཛུགས་པ་དང་ས་དོང་རྒྱོང་བ་དང་། འགའ་ཞིག་གིས་ས་སྐྱོར་བརྟན་གཏོང་དང་ཆུ་སྐྱོར་སྐོར་བ། ཡང་ལ་ལས་དུས་ཐོག་ཏུ་ཆུ་བརྒྱབ་ནས་རྩ་བ་བརྟན་དུ་གཏོང་བ་བཅས་བྱས་ཏེ། རྫོང་གྲོང་མཐའ་འཁོར་གྱི་གཙོ་གནད་ས་ཁོངས་ཀྱི་མུའུ་100ལྷག་ཙམ་གྱི་སར་སྦྱར་པ་རྐང་3000ལྷག་ཙམ་བཏབ་ཡོད། འཁྲུག་ཆ་དོད་པའི་ཤིང་འཛུགས་ཀྱི་ལས་ཀ་མཇུག་སྒྲིལ་རྗེས་དེ་གར་སྔོ་ལྗང་གི་སྡོང་ཕྲུག་རླུང་ཕྱོགས་དང་བསྟུན་ནས་གཡོ་བཞིན་མཆིས།
ཤིང་འཛུགས་ནགས་བཟོ་བྱས་ན་བྱས་རྗེས་དེང་འདིར་བཞག་པ་དང་ཕན་འབྲས་སྐལ་བརྒྱར་ཐོབ། གཞིས་རྩེ་གྲོང་ཁྱེར་གྱི་སྲིད་གཞུང་ལས་དོན་སྙན་སྒྲོན་ལས་མངོན་པར། 2024ལོར་གཞིས་རྩེ་གྲོང་ཁྱེར་གྱིས་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོར་མུ་མཐུད་སྐུལ་འདེད་བཏང་ནས་མ་དངུལ་བསྡོམས་སྒོར་དུང་ཕྱུར་2.8བཏང་བའི་བཀྲ་ཤིས་ལྷུན་པོ་དགོན་པའི་རྒྱབ་རིར་སྔོན་འཛུགས་རྗེས་གསབ་ལས་གྲྭ་དང་ཡར་རླུང་གཙང་པོ་དང་མྱང་ཆུ་གཙང་པོའི་འབབ་རྒྱུད་དུ་ནགས་བཟོ་སྔོ་འགྱུར་ལས་གྲྭ་ལག་བསྟར་བྱས་ཏེ། རིགས་སྣ་ཚོགས་ཀྱི་ནགས་བཟོ་མུའུ་ཁྲི་23.4ལེགས་གྲུབ་བྱས་པ་དང་རྩྭ་ཐང་གི་སྐྱེ་ཁམས་བསྐྱར་གསོ་བཅོས་སྐྱོང་མུའུ་ཁྲི་107.5ལག་བསྟར་བྱས་ཡོད།
གཞིས་རྩེ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་དངོས་གྲུབ་ཀྱིས“ད་ལོ་ང་ཚོས་སྐྱེ་ཁམས་སྔོན་འཇོག་དང་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མུ་མཐུད་མཐའ་འཁྱོངས་བྱས་ནས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཀྱི་ཡིན། 2025ལོར་གཞིས་རྩེ་གྲོང་ཁྱེར་གྱིས་ནགས་ཚལ་དང་རྩྭ་ཐང་གི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཁག་33ལག་ལེན་བསྟར་བར་བསྡོམས་མ་དངུལ་སྒོར་དུང་ཕྱུར་4.47གཏོང་རྒྱུ་ཡིན་པ་དང་། ནགས་བཟོ་སྔོ་འགྱུར་གྱི་རྣམ་གྲངས་ཁག་8ལག་བསྟར་བྱས་ནས་ནགས་བཟོ་རྒྱ་ཁྱོན་མུའུ་ཁྲི་20.56བྱེད་རྩིས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།