2025ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་རི་འཛེག་འདུ་ཚོགས་ཆེ་མོ་སྐབས་ཉེར་གཉིས་པ་དང་ཀྲུང་གོ་བས་སླར་ཡང་ཇོ་མོ་གླང་མར་འཛེགས་ནས་ལོ་50འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ།
པར་①②ནི་རི་འཛེག་ལ་དགའ་པོ་ཡོད་མཁན་ཚོས་ལྷོ་སྟོད་རི་བོར་འཛེག་བཞིན་པ།
པར་③ནི་རི་འཛེག་ལ་དགའ་པོ་ཡོད་མཁན་ཚོ་ལྷོ་སྟོད་རི་རྩེར་འབྱོར་བ།
ཟླ་5ཚེས་3ཉིན། 2025ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་རི་འཛེག་འདུ་ཚོགས་ཆེ་མོ་སྐབས་ཉེར་གཉིས་པ་དང་ཀྲུང་གོ་བས་སླར་ཡང་ཇོ་མོ་གླང་མར་འཛེགས་ནས་ལོ་50འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་སྟེ། ལྷོ་སྟོད་རི་བོར་འཛེག་པ་དང་མྱུལ་དཔྱད་བྱེད་སྒོ་མཇུག་འགྲིལ་བ་རེད། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་རི་འཛེག་ལ་དགའ་པོ་ཡོད་མཁན་160ཡིས་ས་འཕྲོད་རང་བཞིན་གྱི་རྐང་ཐང་དང་། རི་འཛེག་ལག་རྩལ་དངོས་སུ་ལག་ལེན། གངས་འཁྱགས་ལག་རྩལ་གསོ་སྦྱོང་བཅས་བྱས་པས་ལྷོ་སྟོད་རི་རྩེར་བདེ་བླག་ངང་འཛེགས་ཐུབ་པ་བྱུང་བ་རེད།
ལྷོ་སྟོད་རི་བོ་ནི་བོད་ལྗོངས་འདམ་གཞུང་རྫོང་ཡངས་པ་ཅན་གྲོང་རྡལ་གྱི་ལྷོ་ནུབ་རྒྱུད་དུ་གནས་པ་དང་ས་བབ་མཐོ་ཚད་སྨི་6010ཟིན་ཞིང་། རྟག་ཏུ་རི་འཛེག་ལས་དང་པོ་བ་ཚོས“མི་ཚེའི་གངས་རི་དང་པོར”བརྩིས་ནས་འཛེག་གི་ཡོད།
ཚེས་3ཉིན་གྱི་ཐོ་རེངས་ཆུ་ཚོད་བཞི་པར་ཚང་མས་རྟེན་གཞི་ནས་གཅིག་རྗེས་གཉིས་མཐུད་ངང་རྡོག་ཐོན་དང་། ཆུ་ཚོད་དྲུག་པ་ཡོལ་ཙམ་ལ་རི་འཛེག་འགོ་བརྩམས།
ཉིན་གུང་གི་ཆུ་ཚོད་དང་པོ་ཡོལ་ཙམ་ལ་ཚང་མ་བདེ་བླག་ངང་རི་རྩེར་འབྱོར་སྐབས་ཚང་མའི་ངོ་གདོང་ནས་འཛུམ་མདངས་འཕྱུར་བཞིན་དགའ་འབོད་བྱས་པ་དང་། མཉམ་དུ་དྲན་རྟེན་པར་ཡང་བརྒྱབ། དེ་རྗེས་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་ཚང་མར་ས་བབ་མཐོ་ཚད་སྨི་6010ཡོད་པའི་རི་རྩེར་འཛེགས་པའི་ལག་ཁྱེར་སྤྲད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལོ་50ཡི་རིང་། བོད་ཀྱི་རི་འཛེག་བྱ་གཞག་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཅིང་། རི་འཛེག་རུ་མི་མང་པོས་སྔ་རྗེས་སུ་ཇོ་མོ་གླང་མར་འཛེགས་པ་མ་ཟད་ས་བབ་མཐོ་ཚད་སྨི་8000ཡན་གྱི་རི་རྩེར་འཛེགས་པས། རང་སྐྱོང་ལྗོངས་རི་འཛེག་རུ་ཁག་ནི་འཛམ་གླིང་ཐོག་ཚོགས་པའི་རྣམ་པའི་ཐོག་ནས་ས་བབ་མཐོ་ཚད་སྨི་8000ཡན་གྱི་རི་བོ་མཐོན་པོ་14ཡི་རྩེ་མོར་འཛེག་པའི་ལས་འགན་ཚང་མ་ལེགས་སྒྲུབ་བྱེད་མཁན་རི་འཛེག་རུ་ཁག་དང་པོར་གྱུར་ཡོད། དེ་དང་ཆབས་ཅིག བོད་ལྗོངས་རི་འཛེག་སློབ་གྲྭས་བོད་ཀྱི་རི་འཛེག་བྱ་གཞག་ལ་ཕུལ་བྱུང་གི་རི་འཛེག་ཤེས་ལྡན་པ་འབོར་ཆེན་གསོ་སྐྱོང་བྱས་ནས་མེས་རྒྱལ་དང་མི་དམངས་ལ་གཟི་བརྗིད་གྲངས་མེད་བརྩོན་ལེན་བྱས་ཡོད།