“ཡིད་འོང་མཚོ་སྔོན། སྐྱིད་པའི་བོད་ལྗོངས”ཞེས་པའི་ཡུལ་སྐོར་གྱི་དུས་གཏན་མེ་འཁོར་ཐེངས་དང་པོ་བཏང་བའི་མཐོང་ཐོས།
ཟླ་4ཚེས་3ཉིན་གྱི་ཆུ་ཚོད་7དང་སྐར་མ་58ཏག་ཏག་ལ། དུས་གཏན་མེ་འཁོར་ཐེངས་Y894པ་ཟི་ལིང་འབབ་ཚུགས་སུ་འབྱོར་ཞིང་། དེ་ནི་ད་ལོའི་མཚོ་སྔོན་ཟི་ལིང་ནས་ཐད་ཀར་བོད་ལྗོངས་ཉིང་ཁྲིར་སྐྱོད་པའི“ཡིད་འོང་མཚོ་སྔོན། སྐྱིད་པའི་བོད་ལྗོངས”ཞེས་པའི་ཡུལ་སྐོར་གྱི་དུས་གཏན་མེ་འཁོར་ཐེངས་དང་པོར་སྡོད་མཁན་ཡུལ་སྐོར་བ་300ལྷག་ཙམ་དུས་ཡུན་ཉིན་9ཡི་ས་མཐོའི་ཁམ་བུའི་མེ་ཏོག་གི་མཛེས་པ་ཉམས་སུ་མྱོང་བའི་འགྲུལ་བཞུད་ཡོངས་སུ་མཇུག་འགྲིལ་ནས་ལོག་ཡོང་བ་ཞིག་རེད།
རྣམ་པ་སྣ་ཚོགས་ཀྱི་ཡུལ་ལྗོངས།
ས་མཐོའི་ལྟ་ན་སྡུག་པའི་མཛེས་ལྗོངས་ཉམས་སུ་མྱངས་པ།
ཟླ་3ཚེས་26ཉིན་གྱི་ཆུ་ཚོད་9དང་ཕྱེད་ཀར་ཟི་ལིང་འབབ་ཚུགས་ཀྱི་མེ་འཁོར་སྒུག་སའི་ཚོམས་ཆེན་དུ་མི་ཚོགས་ཀྱིས་ཁེངས་ཤིང་། པེ་ཅིང་དང་། ཤང་ཀང་། ཐའེ་དབན་སོགས་ཞིང་ཆེན་དང་གྲོང་ཁྱེར་10ལྷག་ཙམ་དང་དེ་བཞིན་སིང་ཀ་ཕོར་ནས་ཡོང་བའི་ཡུལ་སྐོར་བ་ཚོས་གྲལ་སྟར་འགྲིག་པོས་ཉིང་ཁྲིར་ཐད་སྐྱོད་ཀྱི“ཁམ་བུའི་མེ་ཏོག་མྱོང་རོལ་གྱི་ཆེད་གཏོང་མེ་འཁོར”དེར་འཛེགས།
“ད་ལྟ་ནི་ཉིང་ཁྲིར་ཁམ་བུའི་མེ་ཏོག་ལ་ལྟ་བར་འགྲོ་བའི་དུས་ཚོད་ཡག་ཤོས་ཡིན་པས། ང་ཚོས་ཆེད་མངགས་མེ་འཁོར་འདི་བདམས་པ་ཡིན། ལམ་བར་དུ་ས་བབ་ག་ལེར་མཐོ་རུ་འགྲོ་གི་ཡོད་ཙང་ང་ཚོ་ས་མཐོར་ཡུལ་སྐོར་ཐེངས་དང་པོ་ཡོང་མཁན་ཚོར་ཧ་ཅང་འཚམ་པོ་འདུག”ཅེས་ནང་མི་དང་མཉམ་དུ་ཡུལ་སྐོར་ལ་ཡོང་མཁན་སིང་ཀ་ཕོར་གྱི་ལི་ཝུན་གྱིས་བཤད།
ཆུ་ཚོད་10པ་ཏག་ཏག་ལ་སྙན་འཇེབས་ལྡན་པའི་གླུ་དབྱངས་ཁྲོད་མེ་འཁོར་དངོས་སུ་ཐོན་འགོ་ཚུགས། མེ་འཁོར་འདི་ཕར་འགྲོ་ཚུར་ལོག་བྱེད་པར་ཁྱོན་ཉིན་དགུ་འགོར་གྱི་ཡོད་ཅིང་། དེའི་རིང་ཡུལ་སྐོར་བ་ཚོ་ལམ་བར་གྱི་ཚྭ་མཚོ་དཀར་མོ་དང་། ཐོག་ཐོན་གཙང་པོ། གདང་ལ། མཚོ་ནག་བཅས་ཀྱི་མཛེས་ལྗོངས་ཙམ་མ་ཟད། ཉིང་ཁྲི་དང་ལྷ་སའི་སྐད་གྲགས་ཆེ་བའི་མཛེས་ལྗོངས་ལའང་ལྟ་བར་ཁྲིད་ནས་ཡུལ་སྐོར་བ་ཚོར“གཅིག་འཐུས་རྣམ་པའི”ཡུལ་སྐོར་སྤྲོ་གསེང་ཞིག་ཡོང་བར་བྱེད་ཀྱི་ཡོད།
ཐུན་མོང་མིན་པའི་ཞབས་ཞུ།
དྲོ་སྐྱིད་ལྡན་པའི་ཡུལ་སྐོར་གྱི་མྱོང་བ་གཏོད་པ།
“མེ་འཁོར་ནང་གསོ་རླུང་རྔུབ་ཆོག་ཆོག་འདུག་ལ། ཉལ་ས་རྒྱ་ཆེ་བ་དང་གསང་སྤྱོད་ཀྱང་ཧ་ཅང་གཙང་མ་འདུག ལ་དུག་ཕོག་པའི་སེམས་ཁྲལ་བྱེད་དགོས་མི་འདུག”ཅེས་ཤིས་ཨན་ནས་ཡིན་པའི་ལོ་73ལ་སླེབས་པའི་ཡུལ་སྐོར་བ་ཀུའོ་ཨན་ལི་ཡིས་ནང་མི་དང་བརྙན་ལམ་ཁ་པར་རྒྱག་སྐབས་མེ་འཁོར་ནང་གི་ཆ་རྐྱེན་དེ་དག་ངོ་སྤྲོད་ཚུལ་དུ་དེ་ལྟར་བཤད།
མེ་འཁོར་འདིའི་ནང་ཀུའོ་ཨན་ལི་དང་འདྲ་བར་ལོ་60ཡོལ་བའི“དབུ་དཀར་ཡུལ་སྐོར་བས”70%བཟུང་ཡོད། དེས་ན་ཡུལ་སྐོར་བ་ཚོའི་ས་མཐོའི་འགྲུལ་བཞུད་རིང་གི་བདེ་འཇགས་འགན་ལེན་བྱ་ཆེད། མེ་འཁོར་ནང་གསོ་རླུང་རྔུབ་ས་ཡོད་པའི་ཉལ་ཁྲི་བསྒྲིགས་ཡོད་པ་མ་ཟད། འཁོར་སྒྲོམ་དུ་གསོ་རླུང་མཁོ་འདོན་བྱེད་པ་ཕུད་ཉལ་སའི་སྟེང་དང་བར་ཁྱམས་ཀྱི་སྒེའུ་ཁུང་ཉེ་འགྲམ་ཚང་མར་གསོ་རླུང་སྒྲིག་ཆས་བསྒར་ཡོད་པས། ཡུལ་སྐོར་བ་ཚོར་མི་བདེ་བ་ཡོང་སྐབས་གསོ་རླུང་རྔུབ་ཆོག་ཆོག་ཡོད། མེ་འཁོར་ནང་ད་དུང་སྨན་བཅོས་མི་སྣ་མང་པོ་བཀོད་སྒྲིག་བྱས་ནས་ཁོང་ཚོར་ཆེད་ལས་ཀྱི་སྨན་བཅོས་ཞབས་འདེགས་ཞུ་ཡི་ཡོད།
རིག་གནས་ཡུལ་སྐོར་ལ་ནུས་པ་སྦྱིན་པ།
ས་མཐོའི་ཡུལ་སྐོར་གྱི་དར་སྲོལ་གསར་པར་སྣེ་ཁྲིད་བྱས་པ།
ཟླ་3ཚེས་28ཉིན་གྱི་ཆུ་ཚོད་10པར། མེ་འཁོར་ད་ཐེངས་ཀྱི་འགྲུལ་བཞུད་ཀྱི་དམིགས་ས་ཉིང་ཁྲིར་བདེ་འབྱོར་བྱུང་བ་དང་། མཐའ་བཞི་རི་བོས་བསྐོར་བའི་ཉིང་ཁྲི་འབབ་ཚུགས་ཀྱིས་འཕྲལ་མ་ཉིད་དུ་དགའ་བསུའི་མཛད་སྒོ་གཟབ་རྒྱས་འཚོགས། “ད་ཐེངས་མེ་འཁོར་འདིའི་ནང་སྡོད་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཕར་ལོག་རྗེས་ངས་ཕྲུ་གུ་ཚོར་མེ་འཁོར་བསྡད་ནས་ཀྲུང་གོར་ཡུལ་སྐོར་ལ་ཕྱིན་ན་ཧ་ཅང་སྐྱིད་པོ་ཡོད་ལུགས་ཤོད་ཀྱི་ཡིན”ཞེས་སིང་ཀ་ཕོར་གྱི་ཡུལ་སྐོར་བ་ཝུའུ་ཧྭ་སུང་གིས་སེམས་འགུལ་ཚད་མེད་ཐེབས་བཞིན་བཤད།
མེ་འཁོར་ལ་བསྡད་ནས་ལམ་བར་གྱི་མཛེས་ལྗོངས་ལ་ཅི་དགར་རོལ་བ་ནི་བོད་ཀྱི་ཡུལ་སྐོར་གྱི་དར་སྲོལ་གསར་པ་ཞིག་ཏུ་གྱུར་ལ། ལམ་རྒྱུད་ཀྱི་མང་ཚོགས་ལའང“ལྕགས་ལམ་དང་ཡུལ་སྐོར་རིག་གནས་ཟུང་འབྲེལ”ལས་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད། ཉིང་ཁྲི་གྲོང་ཁྱེར་བུ་ཆུ་ཤང་རྡོ་སྟེང་གྲོང་ཚོས“ཁམ་བུའི་མེ་ཏོག་དཔལ་འབྱོར”གྱི་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་གྱིས“ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན”གྱི་སྤུས་རྟགས་ཀྱི་ནུས་པར་བརྟེན་པ་དང་ལྕགས་ལམ་ཡུལ་སྐོར་གྱི་ལམ་ཐིག་ལ་བརྟེན་ཏེ“ཀོང་པོའི་མེ་ཏོག་ལུང་གཞུང་དང་ཁམ་བུའི་མེ་ཏོག་དུས་ཆེན་ཟུང་འབྲེལ”གྱི་ཞིང་ལས་ཡུལ་སྐོར་གྱི་ཕྱོགས་བསྡུས་རྣམ་པ་བཏོད་ནས་གུར་གྱི་སྒར་ས་དང་། རིག་གནས་བསམ་བཀོད་ཚོང་འདུས། ལྡུམ་རར་བཀོག་འཐུ་སོགས་ལས་རྣམ་ལ་འབབ་འཕར་ཡོང་བར་སྐུལ་འདེད་བཏང་བས། ལོར་ཡོང་འབབ་སྒོར་ཁྲི་600ལྷག་ཙམ་བྱུང་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། 2025ལོའི་ལོ་སྟོད་དུ་ལྕགས་ལམ་སྡེ་ཚན་གྱིས“ཡིད་འོང་མཚོ་སྔོན། སྐྱིད་པའི་བོད་ལྗོངས”ཞེས་པའི་ཡུལ་སྐོར་གྱི་ཆེད་གཏོང་མེ་འཁོར་ཐེངས་14མུ་མཐུད་གཏོང་རྒྱུ་ཡིན་པ་རེད།