རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་འཛུགས་གཏོད་བྱེད་ཤུགས་ཆེ་རུ་གཏོང་བའི་རང་སྐྱོང་ལྗོངས་ཀྱི་ཆེད་དོན་ཚོགས་ཆུང་གི་2025ལོའི་དུས་ཚིགས་དང་པོའི་ལས་དོན་ཚོགས་འདུ་འཚོགས་པ།
ཚེས་18ཉིན་གྱི་སྔ་དྲོར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བསྟན་པས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་འཛུགས་གཏོད་བྱེད་ཤུགས་ཆེ་རུ་གཏོང་བའི་རང་སྐྱོང་ལྗོངས་ཀྱི་ཆེད་དོན་ཚོགས་ཆུང་གི་2025ལོའི་དུས་ཚིགས་དང་པོའི་ལས་དོན་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད། 2024ལོའི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་འཛུགས་གཏོད་ཀྱི་ལས་དོན་ལ་ཕྱོགས་སྡོམ་དང་། ལོ་འཁོར་གྱི་ལས་ཀའི་ཇུས་གཞིར་གྲོས་ཞིབ། གཙོ་གནད་ལས་དོན་བཀོད་སྒྲིག་བཅས་གནང་བ་རེད།
བསྟན་པས་འདི་ལོ་ནི་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་འཛུགས་གཏོད་ཧུར་ཐག་བྱེད་པའི་ཕན་འབྲས་ལ་དཔྱད་དཔོག་བྱེད་པའི་འགག་རྩའི་ལོ་ཡིན་པས། ད་ལོའི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་འཛུགས་གཏོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད།
བསྟན་པས་དོན་སྙིང་གལ་ཆེན་ངོས་འཛིན་ཐུབ་པར་བྱས་ཏེ་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་དགོས་ཤིང་། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཚུར་ལན་གནད་དོན་དག་ཐེར་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། རིམ་པ་དེ་གའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཏན་ཏིག་བྱས་ཏེ་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་བསྟར་ནས་ཕན་འབྲས་ཐོན་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།