སྔོན་ཆད་གྲམ་ཐང་སྐྱ་ཐེར་ཐེར། ད་ཆ་འབྲས་ཤིང་སྔོ་ཐིང་ཐིང་།
—— གྲ་ནང་རྫོང་རྔ་སྒྲ་ཤང་གི་དེང་རབས་ཞིང་ལས་རྟེན་གཞིར་བསྐྱོད་པ།
སྔོན་མ་དེ་གར་བྱེ་མས་ཁེངས་ནས་གང་སར་ཐང་རྒོད་རེད། ད་ཆ། ཉི་འོད་རབ་ཏུ་འཕྲོ་བའི་རིག་ནུས་དྲོད་ཁང་སྟར་པ་དང་སྟར་པ་ལས་དེང་རབས་ཞིང་ལས་ཀྱི་རེ་བའི་འོད་སྣང་འཕྲོས་ཏེ། གྲ་ནང་རྫོང་རྔ་སྒྲ་ཤང་དུ་དེང་རབས་ཞིང་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད།
2024ལོའི་ཟླ་7པར། གྲ་ནང་རྫོང་ཨུད་དང་རྫོང་སྲིད་གཞུང་གི་སྣེ་ཁྲིད་འོག བོད་ལྗོངས་གྲམ་ཐང་ཞིང་གླིང་ཞིང་ལས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིས་དེ་སྔོན་གྲམ་ཐང་དུ་སེའུ་སྒོང་བཟོ་ལས་ཅན་འདེབས་འཛུགས་མངོན་འགྱུར་བྱེད་པའི་ལག་རྩལ་གྱི་ཉམས་མྱོང་ལ་བརྟེན་ནས། བློ་ཁོག་ཆེན་པོས་གསར་གཏོད་བྱས་ཏེ། ཟོག་འབྲེལ་དྲ་རྒྱ་རྒྱང་ཁྲིད་ཚོད་འཛིན་དང་། གྲངས་འཛིན་ཚོར་འདྲེན། མི་འཕྲུལ་གཞི་གཅིག་ཅན། རིག་ནུས་ཁོར་ཡུག་དོ་དམ་ཚོད་འཛིན། ཆུ་ལུད་མ་ལག་ཨ་མ་སོགས་སྔོན་ཐོན་གྱི་བཟོ་ལས་ཅན་དང་རིག་ནུས་ཅན་གྱི་ལག་རྩལ་རབ་དང་རིམ་པ་སྤྱད་དེ། ཟུར་སྣོན་རིན་ཐང་ཆེ་བའི་དཔལ་འབྱོར་ལོ་ཏོག་ཁྱབ་ཁོངས་སུ་འབད་འཐབ་བྱས་པ་བརྒྱུད་སེའུ་འབྲུ་སྔོན་པོ་བཟོ་ལས་ཅན་གྱི་འདེབས་འཛུགས་ལག་རྩལ་གྱི་དཀའ་གནད་གཞན་གྱི་སྔོན་ལ་གྲུབ་འབྲས་ཐོབ་པའི་ངང་འགག་སྒྲོལ་དཀའ་སེལ་ཐུབ་ཡོད།
“ང་ཚོས་རྩི་ཤིང་སྲུང་སྐྱོང་དང་ཆུ་ལུད་གཞི་གཅིག་ཅན་གྱི་ཆུ་འདྲེན་མ་ལག་ལ་བརྟེན་ནས་གནད་སྨིན་ལུད་རྒྱག་དང་ཆུ་འདྲེན་མངོན་འགྱུར་ཡོང་ཐབས་བྱས་ཡོད། རང་འགུལ་ཅན་གྱི་བཀོལ་སྤྱོད་བརྒྱུད་སེའུ་འབྲུ་སྔོན་པོ་སྐྱེ་འཚར་ལ་མཁོ་བའི་དྲོད་ཚད་དང་། བརླན་གཤེར། ཆུ་ལུད་སོགས་ཀྱི་དཔྱད་གྲངས་ཐོག་མཐའ་བར་གསུམ་དུ་འཚམ་པོ་ཞིག་ཡོང་བ་བྱས་ཡོད”ཅེས་ལག་རྩལ་པ་མཚོ་མོས་ངོ་སྤྲོད་བྱས་ཤིང་། ཁོང་གིས། མིག་སྔར། གྲམ་ཐང་ཞིང་གླིང་གི་སེའུ་འབྲུ་སྔོན་པོ་འདེབས་ཁྱོན་མུའུ་200ཟིན་པ་དང་། སྔོན་དཔག་བྱས་ན་ལོ་དང་པོར་ཐོན་རྫས་རིན་ཐང་སྒོར་ཁྲི་1000ཟིན་རྒྱུ་དང་ལོ་གཉིས་པར་ཐོན་རྫས་རིན་ཐང་སྒོར་ཁྲི་1800ལས་བརྒལ་བཟོ་ཡོད་ཅེས་བརྗོད།
གྲམ་ཐང་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་སེའུ་འབྲུ་སྔོན་པོའི་གླིང་བར་གྱི་ས་ཆ་དེས་དེང་རབས་ཞིང་ལས་ཀྱི་སྟོབས་ཤུགས་བདེན་དཔང་བྱས་ཡོད། རིག་ལྡན་དང་རྔུལ་ཆུར་བརྟེན་པའི་དབང་གིས་སྔོན་ཆད་བྱེ་རླུང་གིས་ཁེངས་པའི་ས་ཆར་ད་ཆ་ཆེས་ཞིམ་མངར་ལྡན་པའི་ཤིང་འབྲས་སྐྱེས་ཡོད་ལ། གྲམ་ཐང་ས་ཆའི་ངོ་མཚར་གསར་པ་ཡང་བརྩམས་ཡོད།