ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“བུད་མེད”ཀྱི་སྟོབས་ཤུགས་གཅིག་སྡུད་བྱས་ནས་ཁོར་ཡུག་མཛེས་སུ་བཏང་བ།
ཁྲེང་ཀོན་ཆུས་ཚལ་གུང་ཐང་ཁྲོམ་གཞུང་དྲིན་སྐྱོང་གླིང་སྡེ་ཁུལ་དུ་ཁན་ཅཱ་དམར་པོ་གྱོན་པའི་བུད་མེད་དང་བླངས་པ་ཚོས་གཙང་སྦྲའི་ཡོ་ཆས་ཁྱེར་ནས་སྔོ་ལྗང་ཁུལ་གཙང་མ་བཟོ་བཞིན་ཡོད། དེའི་འགྲམ་དུ་ཡོད་པའི་གྲོང་མིའི་ཐོག་ཁང་གི་མདུན་དུ“ཁྱིམ་ཚང་མཛེས་ཤོས”ཀྱི་བྱང་བུ་ཉི་འོད་ཆེམ་ཆེམ་འཕྲོ་བ་དང་། ཁྲེང་ཀོན་ཆུས་སློབ་ཆུང་དང་པོའི་སློབ་གསོ་གྲོང་ཡན་ལག་སློབ་གྲྭའི་སྒོ་འགྲམ་དུ་བུད་མེད་དང་བླངས་པ་འགའ་ཞིག་གིས་སློབ་མ་རྣམས་གོ་རིམ་ལྡན་པའི་སྒོ་ནས་གཞུང་ལམ་སྒྲོལ་རོགས་བྱེད་བཞིན་པ་དེ་སློབ་ཚན་ཚུགས་གྲོལ་སྐབས་ཀྱི་འཚང་ཁ་ཆེ་དུས་སུ་མི་སེམས་དྲོ་བའི་ཡུལ་ལྗོངས་ཤིག་ཏུ་གྱུར་ཡོད། དེ་དག་ནི་ཁྲེང་ཀོན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ཆེ་མོའི་བྱ་སྤྱོད་སྤེལ་རྒྱུའི་སྐོར་གྱི་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད།
ལྷ་ས་གྲོང་ཁྱེར་གྱིས་2023ལོའི་ཟླ་11པ་ནས་བཟུང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ཆེ་མོའི་བྱ་སྤྱོད་སྤེལ་ཚུན། ཁྲེང་ཀོན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“བུད་མེད་དང་བླངས་པའི་ཉི་འོད་བྱ་སྤྱོད”གཞི་རྟེན་དུ་བྱས་ཤིང་། རིམ་རྩིས་བརྒྱབ་ན་བུད་མེད་དང་བླངས་པ་1151བྱ་སྤྱོད་ནང་ཞུགས་རྒྱུར་སྐུལ་སློང་བྱས་ཏེ། ཁོར་ཡུག་བཅོས་སྐྱོང་དང་། འགྲིམ་འགྲུལ་ཁྲིད་སྟོན། དཀའ་ངལ་རོགས་སྐྱོར་སོགས་ཀྱི་ཁྱད་ཆོས་ལྡན་པའི་ཞབས་ཞུའི་སྤུས་རྟགས་བཏོད་ནས“བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྣེ་ཁྲིད་དང་། དང་བླངས་པས་སྔོན་སྤེལ། མང་ཚོགས་ཞུགས་པ”བཅས་ཀྱི་མཉམ་འཛུགས་མཉམ་སྤྱོད་ཀྱི་ཐབས་ལམ་གསར་པ་ཞིག་འཚོལ་ཞིབ་བྱས་པ་རེད།
བྱ་སྤྱོད་ལག་ལེན་བསྟར་ནས་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་ཆེད། ཁྲེང་ཀོན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཇུས་གཞི་མཐོན་པོའི་འཆར་འགོད་མཐའ་འཁྱོངས་ཀྱིས། རིམ་བཞིའི་མཉམ་འགུལ་གྱིས་ཞབས་ཞུའི་དྲ་རྒྱ་ཚགས་དམ་དུ་བཏང་སྟེ། “ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤྱི་འདོམས་དང་། ཁྲོམ་གཞུང་གིས་མཐུན་སྦྱོར། སྡེ་ཁུལ་གྱིས་སྒྲིག་འཛུགས། དྲ་མིག་གིས་དོན་འཁྱོལ”བཅས་ཀྱི་རིམ་བཞིའི་མཉམ་འགུལ་ལམ་སྲོལ་བཙུགས་པ་མ་ཟད། གནས་ཚུལ་དངོས་ལ་གཞིགས་ནས“བུད་མེད་དང་བླངས་པའི་ཞབས་ཞུའི་རུ་ཁག”98བཙུགས་ཏེ། མི་དང་། ལས་གནས། འགན་འཁྲི་བཅས་གཏན་འཁེལ་གྱི་དོ་དམ་ལག་བསྟར་བྱས་པ་རེད།
བྱ་སྤྱོད་སྤེལ་རིང་། སྲང་ལམ་དང་ཞིང་ཞོར་ཁྲོམ་ར་སོགས་བཅོས་སྐྱོང་གི་དཀའ་གནད་ལ་དམིགས་ནས། ཁྲེང་ཀོན་ཆུས་ཀྱི་བུད་མེད་དང་བླངས་པས“གཟའ་མཇུག་གི་གཙང་སྦྲའི་ཉིན་མོ་དང་རྒྱུན་གཏན་གྱི་སྐོར་ཞིབ”ཟུང་འབྲེལ་གྱི་བྱེད་སྟངས་གསར་གཏོད་དང་ལག་བསྟར་བྱས་པ་དང་འབྲེལ། “ཁྱིམ་ཚང་མཛེས་ཤོས”ཀྱི་དཔྱད་འདེམས་དང་ཟུང་འབྲེལ་བྱས་ཏེ། གད་སྙིགས་རིགས་དབྱེའི་གསོ་སྦྱོང་ཐེངས་20སྤེལ་བར་གྲོང་མི་3000ལྷག་ཙམ་ལ་ཕན་པ་ཐོབ་པ་དང་། ཁྱིམ་ཚང་90%ཡན་གྱི་ཐབ་ཚང་གི་གད་སྙིགས་གནས་གཏན་འཁེལ་དུ་བཤོ་བར་སྐུལ་འདེད་བཏང་ཡོད། ཁྲེང་ཀོན་ཆུས་ཀྱི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་ཁག་གི་མཐའ་འཁོར་དུ་འགྲིམ་འགྲུལ་འགག་པའི་དཀའ་ངལ་ལ་དམིགས་ནས། སློབ་གྲྭ་ཁག་གནས་སའི་སྡེ་ཁུལ་གྱི་བུད་མེད་དང་བླངས་པས་འགྲིམ་འགྲུལ་ཉེན་རྟོག་པ་དང་སློབ་གྲྭའི“སློབ་སྲུང་བའི”དང་བླངས་རུ་ཁག་དང་མཉམ་དུ་ཉིན་ལྟར་སློབ་ཚན་ཚུགས་གྲོལ་སྐབས་ཀྱི་འཚང་ཁ་ཆེ་དུས་སུ་འགྲིམ་འགྲུལ་ཁྲིད་སྟོན་སོགས་ཀྱི་བྱ་ཐབས་བརྒྱུད་དེ་འགྲིམ་འགྲུལ་གྱི་སྒྲིག་ལམ་ཚད་ལྡན་དུ་བཏང་བ་རེད།
མིག་སྔའི་བར། ཁྲེང་ཀོན་ཆུས་ཀྱི་བུད་མེད་དང་བླངས་པའི་བྱ་སྤྱོད་དེ་ཁོངས་གཏོགས་ཁུལ་གྱི་ཁྲོམ་གཞུང་11དང་གྲོང་ཚོ(གྲོང་མི་ཨུ་ལྷན)60ལ་ཁྱབ་ནས་མང་ཚོགས་མི་ཐེངས་ཁྲི་12ལ་ཕན་པ་ཐོབ་ཡོད། དྲིན་སྐྱོང་གླིང་སྡེ་ཁུལ་ལ“རྒྱལ་ཡོངས་ཀྱི་ཤེས་དཔལ་ལག་ལེན་གྱི་བུད་མེད་དང་བླངས་པའི་ཉི་འོད་ས་ཚིགས”ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། ཁྲེང་ཀོན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ལ“རང་སྐྱོང་ལྗོངས་རིམ་པའི་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུའི་སྔོན་ཐོན་དཔེ་མཚོན”གྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།