དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ཆུ་ཤུར་རྫོང་གི“སྙིགས་མེད”དང“ཐཱན་མེད”ཀྱི་སྒུལ་ཤུགས་གཉིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-09

    འདི་ནི་ཆུ་ཤུར་རྫོང་མཉེས་ཐང་ཤང་གི་འོད་ཤུགས་ཐོན་ལས་གླིང་གི་ཟུར་ཞིག་ཡིན་པ།

    འདི་ནི་ཚ་རགས་ཤང་གི་འོད་ཤུགས་གློག་གཏོང་ས་ཚིགས་ཀྱི་ཟུར་ཞིག་ཡིན་པ།

    འདི་ནི་འཚོ་བའི་གད་སྙིགས་མེར་སྲེག་གློག་གཏོང་བཟོ་གྲྭའི་དུས་ཐེངས་གཉིས་པའི་རྣམ་གྲངས་ཀྱི་མེ་སྤོར་ཡུལ་ཡིན་པ།

    ད་ཕན་ལོ་ཤས་རིང་། ཆུ་ཤུར་རྫོང་གིས་ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་འཕྲི། སྔོ་ལྗང་རྒྱ་སྐྱེད་བཅས་དཔལ་འབྱོར་འཕར་རྒྱུ་དང་མཉམ་དུ་སྐུལ་འདེད་བཏང་སྟེ། ལྷ་སའི“སྐྱེ་ཁམས་གྲོང་འཛུགས”ཀྱི་འཐབ་ཇུས་མཐའ་འཁྱོངས་བྱས་པ་དང་། རང་ངོས་ཀྱི་ཐོན་ཁུངས་ལེགས་ཆར་གཞིས་འཛུགས་པ། ས་ཁོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་མཉམ་འདྲེས་བྱས་ཏེ། “སྙིགས་མེད”དང“ཐཱན་མེད”སྒུལ་ཤུགས་སུ་བྱས་ནས“སྙིགས་མེད་ཆུ་ཤུར”འཛུགས་སྐྲུན་གྱི་ལམ་བུར་མགྱོགས་མྱུར་བསྐྱོད་དེ། ཐུན་མོང་མ་ཡིན་པའི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་ཞིག་འཚོལ་ཞིབ་བྱས་ཡོད་པ་རེད།

    འཁོར་རྒྱུག་དཔལ་འབྱོར་ཐོན་ལས་གླིང་།

    རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་འཕེལ་བ་བྱས་པ།

    ལྷ་ས་གྲོང་ཁྱེར་ཆུ་ཤུར་འཁོར་རྒྱུག་དཔལ་འབྱོར་ཐོན་ལས་གླིང་དེ་མཉེས་ཐང་ཤང་བདེ་སྐྱིད་གྲོང་ཚོར་གནས་པ་དང་། ད་ཆ་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་མཐའ་མའི་གཙང་སེལ་གྱི་འགག་རྩའི་ལས་སྟེགས་སུ་གྱུར་ཡོད། མིག་སྔར་གླིང་ནང་གཙོ་གནད་རྣམ་གྲངས་མང་པོ་བསྐྲུན་ནས་སྤྱོད་འགོ་ཚུགས་པའི་ནང་བོད་རང་སྐྱོང་ལྗོངས་ཀྱི་ཉེན་ཡོད་བེད་མེད་དངོས་རྫས་གཙང་སེལ་ལྟེ་གནས(དུས་ཐེངས་དང་པོ་དང་གཉིས་པ)ལ་ཁྱོན་མ་དངུལ་སྒོར་ཁྲི་820.24བཏང་བ་དང་། ས་བཟུང་མུའུ་78.8ཟིན་པ། ལོར་ཉེན་ཡོད་བེད་མེད་དངོས་རྫས(སྨན་རྫས་སྙིགས་རོ་ཚུད་པ)ཏུན་3376.36གཙང་སེལ་བྱས་ཡོད། ལྷ་ས་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་སྦས་ས(དུས་ཐེངས་དང་པོ་དང་གཉིས་པ)ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་2.89བཏང་བ་དང་། ས་བཟུང་མུའུ་760ཟིན་པ། ལོར་འཚོ་བའི་གད་སྙིགས་ཏུན་ཁྲི་15གཙང་སེལ་བྱས་ཡོད་པ་རེད།

    གཞན་ཡང་། འཁོར་རྒྱུག་དཔལ་འབྱོར་ཐོན་ལས་གླིང་ནང་འཚོ་བའི་གད་སྙིགས་མེར་སྲེག་གློག་ཁང(དུས་ཐེངས་དང་པོ་དང་གཉིས་པ)ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་10བཏང་བ་དང་། ལོར་འཚོ་བའི་གད་སྙིགས་ཏུན་ཁྲི་50ལྷག་ཙམ་གཙང་སེལ་བྱས་ཏེ་གློག་གཏོང་ཚད་ཧ་ཅང་ཡག་པོ་ཡོད་པ་རེད། ཟ་ཁང་གི་ཐབ་ཚང་སྙིགས་རོའི་ཐོན་ཁུངས་ཅན་བེད་སྤྱོད་དང་གནོད་མེད་ཅན་གྱི་ཐག་གཅོད་ལྟེ་གནས་དང་ཨར་སྐྲུན་གད་སྙིགས་གཙང་སེལ་ལྟེ་གནས་ཀྱང་ནུས་ལྡན་ངང་འཁོར་སྐྱོད་བྱས་ནས་ལོར་གཙང་སེལ་བྱེད་ཚད་ཏུན་39785དང་ཏུན་ཁྲི་30ཟིན་ཡོད་པ་རེད།

    འོད་ཤུགས་གློག་གཏོང་ཐོན་ལས།

    ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་འཕེལ་བ་བྱས་པ།

    ཆུ་ཤུར་རྫོང་གིས་འོད་ཤུགས་གློག་གཏོང་ལེགས་ཆ་གང་ལེགས་བཏོན་ཏེ་ནུས་རྒྱུའི་གསར་བརྗེར་ཧུར་ཐག་ཞུགས་ཤིང་། མིག་སྔར་རྫོང་ཁོངས་སུ་འོད་ཤུགས་གློག་གཏོང་ཁེ་ལས་5ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་13.08ལྷག་ཙམ་བཏང་བ་དང་། ས་བཟུང་མུའུ་4680ཟིན་ཡོད། ཁེ་ལས་དེ་དག་གིས་ལོར་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་3.11ལྷག་ཙམ་ཟིན་ནས་ཁྱིམ་དུད་ཁྲི་13.45ཡི་ལོའི་གློག་གི་དགོས་མཁོ་བསྐངས་ཏེ་ལོར་ཚད་ལྡན་རྡོ་སོལ་ཏུན་ཁྲི་12.97གྲོན་ཆུང་ཐུབ་པ་དང་དབྱང་གཉིས་ཐཱན་འགྱུར་ཏུན་ཁྲི་35.64ཙམ་འབུད་ཚད་ཉུང་དུ་བཏང་ཡོད་པ་རེད།

    ནུས་རྒྱུ་གཙང་མ་མཁོ་སྤྲོད་བྱེད་ནུས་སྔར་བས་ཆེ་རུ་བཏང་ནས་བོད་ཀྱི་གློག་སྤྱོད་མང་བའི་རིང་གི་གློག་དཀོན་པའི་གནད་དོན་ཐག་གཅོད་བྱས་ཏེ་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ལྗང་མདོག་དང་བརྟན་པོའི་ནུས་རྒྱུའི་འདེགས་སྐྱོར་བྱས་པ་མ་ཟད། ལྗང་མདོག་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་ཆུ་ཤུར་རྫོང་གིས་གོམ་ཞེང་ཆེན་པོས་མདུན་དུ་བསྐྱོད་རྒྱུར་རམ་འདེགས་ཀྱང་བྱས་ཡོད།

    ལྷོ་རི་བྱང་རིའི་སྔོ་འགྱུར་འདུ་འགོད།

    སྐྱེ་ཁམས་གནས་འཕྲོད་ཀྱི་ལེའུ་གསར་པ་བརྩམས་པ།

    ལྷ་སའི་ལྷོ་རི་བྱང་རིའི(ཆུ་ཤུར་ཡུག་ཁུལ)སྔོ་འགྱུར་འདུ་འགོད་ལས་དོན་སྤེལ་ཚུན་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། མིག་སྔར་2024ལོ་འཁོར་གྱི་ཆུ་ཤུར་རྫོང་གི་ནགས་བཟོ་ནགས་སྐྱོང་གི་སྔོན་འཛུགས་རྗེས་གསབ་ཀྱི་དུས་ཐེངས་དང་པོའི་རྣམ་གྲངས་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་བྱས་པ་དང་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་3.81བཏང་བ་དང་ནགས་བཟོ་མུའུ་34328བྱས་པ་དང་། དུས་ཐེངས་གཉིས་པའི་ལས་གྲྭ་བརྟན་པོའི་ངང་སྐུལ་འདེད་བཏང་ནས་ནགས་བཟོ་རྒྱ་ཁྱོན་མུའུ་71564ཟིན་པ་དང་། དེར་མ་དངུལ་སྒོར་དུང་ཕྱུར་17.12བཏང་ནས་ཤང་དང་གྲོང་རྡལ་2དང་སྲིད་འཛིན་གྲོང་ཚོ་4 དེ་བཞིན་ས་མཚམས་མང་པོ་ཞིག་དང་འབྲེལ་བ་ཡོད་པ་རེད།

    སྔོ་འགྱུར་འདུ་འགོད་ཀྱི་ལས་དོན་རྒྱུན་མཐུད་གཏིང་ཟབ་སྤེལ་བ་དང་སྦྲགས། ཆུ་ཤུར་རྫོང་གིས“ལྷོ་རི་བྱང་རིར་སྔོ་ལྗང་གིས་བརྒྱན་པ་དང་། གནའ་གྲོང་ཆུ་བོས་བསྐོར་བའི”སྐྱེ་ཁམས་ཀྱི་རྣམ་པ་བཟང་པོ་མངོན་འགྱུར་ཐུབ་ནས། ལྷ་སར་སྐྱེ་ཁམས་གནས་འཕྲོད་ཀྱི་གྲོང་ཁྱེར་ལྟེ་གནས་ཤིག་བསྐྲུན་པ་དང་ས་མཐོའི་སྐྱེ་ཁམས་ཤེས་དཔལ་གྱི་སྔོན་སྐྱོད་དཔེ་སྟོན་ཁུལ་གཏོད་རྒྱུར་སྟོབས་ཤུགས་གལ་ཆེན་ལེགས་སྐྱེས་ཕུལ་ཏེ་ས་མཐོའི་ས་གཞི་ཆེ་མོར་སྔོ་ལྗང་གིས་བརྒྱན་པ་དང་གནས་འཕྲོད་ལས་འཚམ་གྱི་རྣམ་པ་བཟང་པོ་ཞིག་མངོན་པར་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།