དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • བོད་ཀྱིས་ལྗང་མདོག་བྱ་སྤྱོད་ལ་བརྟེན་ནས“སའི་གོ་ལའི་གླིང་སྣེ་གསུམ་པའི”སྐྱེ་ཁམས་ཀྱི་རྣམ་པ་གསར་པ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-03-18

    ལྷ་ས་ལྷུན་གྲུབ་རྫོང་ནས་ལྷོ་ཁ་གོང་དཀར་བར་དང་། ཡར་ཀླུང་གཙང་པོ་ནས་བྱང་རྩྭ་ཐང་བར། ཧི་མ་ལ་ཡའི་རི་རྒྱུད་བྱང་འདབས་ཀྱི་ལྷུན་རྩེ་ལུང་གཞུང་ནས་ས་བབ་མཐོ་ཚད་སྨི་5200ལྷག་ཙམ་གྱི་གྱེ་ཁུ་ལ་བར་གྱི་མཐོང་རྒྱ་ཡོད་ཚད་ལྗང་མདོག་ཡིན་པས“གཡུ་མདོག་ས་གཞི་ནམ་མཁའ་དང་འབྲེལ་བའི”ཡུལ་ལྗོངས་ཤིག་ཆགས་ཏེ་མཛེས་སྡུག་ལྟ་བས་མི་ངོམ་པ་ཞིག་ཡོད།

    གྲངས་གཞི་ལས་མངོན་པ་ལྟར་ན། 2024ལོར་རང་སྐྱོང་ལྗོངས་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་ལག་བསྟར་བྱས་ཏེ་གཙོ་གནད་ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་སོགས་གཙོ་གནད་ལས་གྲྭར་སྐུལ་འདེད་གཏིང་ཟབ་བཏང་སྟེ། ནགས་བཟོ་ནགས་སྐྱོང་མུའུ་ཁྲི་106ལེགས་གྲུབ་དང་ཞན་འགྱུར་རྩྭ་ཐང་མུའུ་ཁྲི་600སླར་གསོ་བཅོས་སྐྱོང་བྱས་ཡོད།

    རང་སྐྱོང་ལྗོངས་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱིས་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་སྟོད་སྨད་རྒྱུད་དུ་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་སོགས་ཀྱི་རྣམ་གྲངས“གཉིས”དང་། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ བོད་ཀྱི“གཙང་པོ་གཉིས་དང་ཆུ་བོ་བཞིའི”སྔོ་འགྱུར་ནགས་བཟོའི་ལས་གྲྭ་བཅས་ལག་བསྟར་བྱས་པ་དང་། འཛུགས་སྐྲུན་གྱི་ནང་དོན་ལ་མི་ཐབས་ནགས་བཟོ་དང་། རི་བཀག་ནགས་གསོ། ནགས་ཚལ་འདེབས་གསོ། ཞན་འགྱུར་ནགས་ཚལ་སླར་གསོ་སོགས་ཚུད་ཡོད་པར་ལོ་ཧྲིལ་པོར་ནགས་བཟོ་ནགས་སྐྱོང་གི་ལས་འགན་མུའུ་ཁྲི་106ལེགས་གྲུབ་བྱས་ཡོད།

    “གཞི་ཁྱོན་ཆེ་བའི་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་ལ་རྒྱུན་མཐུད་སྐུལ་འདེད་གཏོང་རྒྱུ་དེ་བོད་ཀྱི་ཉམས་ཞན་སྐྱེ་ཁམས་ལ་ཆ་མཚོན་ན། སྟབས་བདེ་བའི་ཤིང་འཛུགས་ནགས་བཟོ་ཙམ་མ་ཡིན་པར། བློ་ཁོག་ཆེ་ཞིང་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྐྱེ་ཁམས་ཁོར་ཡུག་བསྐྱར་སྐྲུན་བྱས་པ་ཞིག་ཡིན། དེ་དང་ཆབས་ཅིག་སྐྱིད་སྣང་དོད་པའི་རང་བྱུང་མཛེས་ལྗོངས་ཤིག་ཆགས་པ་དང་གནས་འཕྲོད་ལས་འཚམ་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་ཅིག་བཏོད་པ་མ་ཟད། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་འཚོ་གནས་དང་སྐྱེ་འཕེལ་བྱ་ཡུལ་དེ་བས་མང་བ་མཁོ་འདོན་བྱས་པ་དང་རྒྱ་ཆེའི་ཞིང་འབྲོག་པར‘སྐྱེ་ཁམས་ཀྱི་ཡོང་འབབ’ཀྱང་བྱུང་ཡོད། དཔེར་ན་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ལྟ་བུར་མཚོན་ན། ལོ་འཁོར་གྱི་ངལ་ལས་ལས་བཟོ་མི་ཐེངས་ཁྲི་260ཟིན་པར་ངལ་ལས་ཀྱི་འབབ་འཕར་སྒོར་དུང་ཕྱུར་8.3བྱུང་ཡོད”ཅེས་བོད་རང་སྐྱོང་ལྗོངས་ནགས་ལས་བརྟག་དཔྱད་འཆར་འགོད་ཞིབ་འཇུག་ཁང་གི་མཐོ་རིམ་བཟོ་སྐྲུན་པ་ཕུར་ནོར་གྱིས་བཤད།

    གསར་འགོད་པས་ཀྲུང་གོ་ཚན་རིག་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2024ལོར་ཀྲུང་གོ་ཚན་རིག་ཁང་ཁྲེང་ཏུའུ་རི་སའི་གནོད་འཚེ་དང་ཁོར་ཡུག་ཞིབ་འཇུག་སོའོ་ཡིས་བོད་ཀྱི་སྐྱེ་ཁམས་གནས་ཚུལ་འགྱུར་ལྡོག་ལ་དཔྱད་དཔོག་བྱས་པ་ལས་མངོན་པར། མིག་སྔའི་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཕན་འབྲས་ལ་བལྟས་ན། ཆུ་དང་། མཁའ་རླུང་། ས་རྒྱུ། དེ་བཞིན་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཚང་མ་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་པ་དང་། སྐྱེ་ཁམས་མ་ལག་སྣ་ཚོགས་ཀྱི་གྲུབ་ཆ་སྤྱི་ཡོངས་བརྟན་པོ་ཡོད་པ། སྐྱེ་ཁམས་སྤུས་ཚད་བརྟན་ཐོག་ཡར་འཕེལ་བྱུང་བ། ནགས་ཚལ་དང་། རྩྭ་ཐང་། འདམ་ར། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སོགས་སྲུང་སྐྱོང་ནུས་ལྡན་བྱུང་ནས་ས་ཁོངས་མང་ཆེ་བ་སྔར་བཞིན་གདོད་མའི་རྣམ་པར་གནས་ཡོད། མིག་སྔར་བོད་ནི་སྔར་བཞིན་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན།

    ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གི་ཁྲུང་ཁྲུང་སྐེ་ནག་རང་བྱུང་སྲུང་སྐྱོང་ཁུལ་དུ་ལོ་ལྟར་དགུན་སྒྲོལ་དུ་ཡོང་བའི་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་མང་དུ་ཕྱིན་པ་དེ་ནི་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཉིན་རེ་བཞིན་ལེགས་སུ་འགྲོ་བའི་བསྡུས་རིས་ཤིག་རེད། སྲུང་སྐྱོང་ཁུལ་གྱི་ཉེ་འགྲམ་དུ་སྡོད་པའི་མང་ཚོགས་བསོད་ནམས་ཀྱིས“ཁྲུང་ཁྲུང་སྐེ་ནག་མི་ལ་སྐྲག་སྣང་བྱེད་ཀྱི་མེད། སྐབས་འགར་དེ་དག་ང་ཚོའི་སྒོ་རའི་ནང་ཟས་འཚོལ་བར་ཡོང་གི་ཡོད། ང་ཚོ་ཕན་ཚུན་ཞི་མཐུན་མཉམ་གནས་ཡིན། ལོ་དེ་དག་ནང་ཁོར་ཡུག་ཇེ་ལེགས་སུ་འགྲོ་བ་དང་། ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་ཡང་ཇེ་མང་དུ་འགྲོ་བཞིན་ཡོད་པས། ང་ཚོའི་སེམས་པ་ཧ་ཅང་སྐྱིད་པོ་འདུག”ཅེས་བཤད། གཞན་ཡང་རང་ལྗོངས་ཀྱི་གཙོད་དང་། འབྲོང་། ཁྲུང་ཁྲུང་སྐེ་ནག་སོགས་སྟོངས་ལ་ཉེ་བའི་རྩ་ཆེའི་རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་སླར་གསོ་རང་བཞིན་གྱི་སྒོ་ནས་འཕར་བཞིན་ཡོད།

    ལྗང་མདོག་ནི་མཛེས་སྡུག་ལྡན་པའི་བོད་ཀྱི་རྨང་གཞི་ཡིན་ལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པའི་སྤུས་ཚད་ཀྱང་ཡིན།

    “2024ལོར་རང་ལྗོངས་ཀྱིས་ཞན་འགྱུར་རྩྭ་ཐང་མུའུ་ཁྲི་600སླར་གསོ་བཅོས་སྐྱོང་བྱས་པ་དེས་རྩྭ་ཐང་གི་སྐྱེ་ཁམས་མ་ལག་གི་གྲུབ་ཆ་ལེགས་སུ་ཕྱིན་པ་མ་ཟད། རྩྭ་ཐང་གི་ཐོན་སྐྱེད་ནུས་ཤུགས་ཀྱང་ཆེ་རུ་ཕྱིན་ནས་ས་གནས་དེ་གའི་འབྲོག་ལས་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད། དེ་དང་ཆབས་ཅིག་རྩྭ་ཐང་གི་སྐྱེ་ཁམས་མ་ལག་སླར་གསོ་བྱུང་བ་དེས་ད་དུང་ས་ཆུ་ཤོར་ཚད་དང་ས་ཞིང་བྱེ་འགྱུར་བྱེད་ཚད་ཉུང་དུ་སོང་ནས་ས་ཁོངས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱེད་པར་ཕན་ཐོགས་ཡོད་པ་རེད། ཞན་འགྱུར་རྩྭ་ཐང་གི་སྐྱེ་ཁམས་ཉམས་གསོ་བཅོས་སྐྱོང་རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད། ཞིང་འབྲོག་པ་ཐག་ཉེ་སར་ལས་ཞུགས་ཐུབ་པ་དང་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་ཡོད། དཔེར་ན་གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་གིས་2024ལོའི་ལོ་འཁོར་གྱི་རྩྭ་ཐང་གི་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་རྣམ་གྲངས་ལ་མ་དངུལ་སྒོར་ཁྲི་1759བཏང་བ་ལས་ཞིང་འབྲོག་པར་འབབ་འཕར་སྒོར་ཁྲི་316.62བྱུང་བར་ཐད་ཀར་སྐུལ་ཁྲིད་བྱས་པ་དང་། ཞིང་འབྲོག་པ་མི་ཐེངས་9000ལྷག་ཙམ་ཐག་ཉེ་སར་ལས་ཞུགས་ཐུབ་པར་བྱས་ཡོད”ཅེས་རང་སྐྱོང་ལྗོངས་ནགས་ཚལ་དང་རྩྭ་ཐང་ཅུས་རྩྭ་ཐང་དོ་དམ་ཁྲུའུ་རིམ་པ་བཞི་པའི་བརྟག་ཞིབ་པ་ཐན་ཡན་ཆིང་གིས་བཤད།

    གྲངས་གཞི་རེ་རེ་དང་ལས་གྲྭ་རེ་རེས་མཛེས་སྡུག་ལྡན་པའི་ཀྲུང་གོའི་སྣེ་ཁྲིད་པ་ཡིན་པའི་བོད་ཀྱི་གཟུགས་བརྙན་གསོན་ཉམས་དོད་པོས་མངོན་ཡོད། བོད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ལོ་རེ་བཞིན་ཐོབ་པའི་གཡུར་ཟའི་གྲུབ་འབྲས་དེ“ལྗང་མདོག་རི་མོ”ཞིག་དང་འདྲ་བར་སའི་གོ་ལའི“གླིང་སྣེ་གསུམ་པར”རིམ་བཞིན་ཁྱབ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།