སྔོ་ལྗང་སྤང་ལྗོངས་མཛེས། སྐྱེ་ཁམས་ཁོར་ཡུག་བཟང་།
—— རང་ལྗོངས་ཀྱི་རྩྭ་ཐང་གི་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་གི་ཚོད་ལྟའི་དཔེ་སྟོན་རྣམ་གྲངས་ཀྱིས་ས་མཐོའི་སྔོ་ལྗང་སྲུང་སྐྱོང་བྱས་པ།
འདི་ནི་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་སྙིང་གྲོང་ཤང་གི་ཉམས་ཞན་རྩྭ་ཐང་སླར་གསོ་བྱ་ཡུལ་ཡིན་པ།
འདི་ནི་ཚན་ཞིབ་མི་སྣས་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ན་དམར་ཆེ་ཤང་གི་སྐྱེ་ཁམས་སླར་གསོ་བྱེད་སའི་རྩྭ་སྐྱེ་འཚར་ལ་ལྟ་བཞིན་པ།
འདི་ནི་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་སུ་མི་མེད་གནམ་གྲུས་འབུ་སྨན་གཏོར་ནས་རྩྭ་ཐང་གི་སྤུ་གཟེངས་གནོད་འབུ་གསོད་བཞིན་པ།
འདི་ནི་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ན་དམར་ཆེ་ཤང་གི་ཉམས་ཞན་རྩྭ་ཐང་སླར་གསོ་ཁུལ་ཡིན་པ།
འདི་ནི་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་བལ་ལ་གྲོང་རྡལ་གྱིས་གསབ་འདེབས་རྩྭ་ཐང་ལ་ལྟ་ཞིབ་ཚད་ལེན་དང་ཚོད་སྐོར་བྱེད་བཞིན་པ།
འདི་ནི་ནག་ཆུ་གྲོང་ཁྱེར་ནག་ཆུ་གྲོང་རྡལ་ལ་ཐོག་གྲོང་ཚོའི་རྩྭ་སྐྱེ་འཚར་ལེགས་པ།
འདི་ནི་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་སྙིང་གྲོང་ཤང་གི་ཉམས་ཞན་རྩྭ་ཐང་སླར་གསོ་ཁུལ་གྱི་རྩྭ་སྐྱེ་འཚར་ལེཌ་པ།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་སླར་གསོར་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། རྩྭ་ཐང་གཉེར་སྐྱོང་འགན་འཁྲིའི་ལམ་ལུགས་དང་། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་བྱ་དགའི་སྲིད་ཇུས། རྩྭ་ཐང་གི་ཐོན་ཁུངས་ལྟ་སྐུལ། རང་བྱུང་རྩྭ་ཐང་གི་སྐྱས་སྤོས་རྩྭ་གསོའི་འདུ་འགོད་བཅས་ལག་ལེན་བསྟར་བ་བརྒྱུད། རང་ལྗོངས་ཀྱི་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
2023ལོར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་སྡེ་ཚན་དང་ལག་གདང་སྦྲེལ་ནས་མཚོ་སྔོན་ཞིང་ཆེན་གྱི་ཞན་འགྱུར་རྩྭ་ཐང་གི་སྐྱེ་ཁམས་སླར་གསོའི་ལག་རྩལ་དཔྱད་གཞིར་ཡག་པོ་འཛིན་ཏེ། བོད་རང་སྐྱོང་ལྗོངས་ཀྱི་རྩྭ་ཐང་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་གི་ཚོད་ལྟའི་དཔེ་སྟོན་རྣམ་གྲངས་གཏན་འཁེལ་བྱས་པ་དང་རྣམ་གྲངས་ལ་ཁྱོན་སྒོར་ཁྲི་6000ལྷག་ཙམ་ཟིན་ཞིང་། དེས་རྩྭ་ཐང་གི་གསོན་ཤུགས་དང་སྐྱེ་སྟོབས་འཕེལ་བ་དང་རང་ལྗོངས་ཀྱི་ཞན་འགྱུར་རྩྭ་ཐང་སླར་གསོ་བྱེད་པར་འཚམ་པའི་ཐབས་ལམ་གསར་པ་གཏོད་པར་སྤྱོད་རྒྱུ་མ་ཟད། འབྲོག་ཁུལ་གྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་བདེ་ལམ་འདིང་རྒྱུ་རེད།
1.སྲིད་ཇུས་དང་ཁྲིམས་སྲོལ་གྱིས་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་བྱེད་པ།
《བོད་རང་སྐྱོང་ལྗོངས་ཀྱི་རྩྭ་ཐང་དོ་དམ་སྲོལ་ཡིག》དང་། 《བོད་རང་སྐྱོང་ལྗོངས་ཀྱི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་བྱ་དགའི་སྲིད་ཇུས་ལག་བསྟར་ཇུས་གཞི》《བོད་རང་སྐྱོང་ལྗོངས་ཀྱི་སྐྱས་སྤོས་རྩྭ་གསོའི་འདུ་འགོད་ལག་བསྟར་ཇུས་གཞི》སོགས་སྲིད་ཇུས་ཀྱི་ཡིག་ཆ་རབ་དང་རིམ་པ་བཏོན་པ་དེས་ས་མཐོའི་རྩྭ་རྐང་རེ་རེ་སྐྱེ་འཚར་ཡོང་བར“སྲུང་གདུགས”ཕུབ་པ་དང་། ཞིང་འབྲོག་པ་རྩྭ་ཐང་སྲུང་སྐྱོང་ནང་ཧུར་ཐག་ཞུགས་པར་སྐུལ་ལྕག་ཐེབས་ནས་སྤྱི་ཚོགས་ཡོངས་ཐུན་མོང་ཐོག་ཞུགས་པའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།
ཉེ་བའི་ལོ་ཤས་རིང་། ལྷས་ར་བསྐོར་ནས་ཕྱུགས་རིགས་གསོ་བ་དང་། མི་ཐབས་རྩྭ་འདེབས་དང་དེ་བཞིན་རྩྭ་ངན་མེད་པར་བཟོ་བ། ཨ་བྲ་གསོད་པ་སོགས་རྩྭ་ཐང་ལེགས་བཅོས་ལག་རྩལ་ཡང་མཚོ་བོད་ས་མཐོར་གནད་སྨིན་བཀོལ་སྤྱོད་བྱེད་བཞིན་ཡོད། མཚོ་སྔོན་དུ་མཚོ་སྔོན་སློབ་ཆེན་གྱི་ཞིབ་འཇུག་པ་མཱ་ཡུས་ཧྲོའུ་དང་ཁོང་གི་ཚོགས་པས་ཞིབ་འཇུག་བྱས་པའི་ས་མཐོའི་ས་ནག་གྲམ་ཐང་གི་སྔོ་ཁེབས་སླར་གསོའི་ལག་རྩལ་གྱིས་གཙང་གསུམ་ཆུ་འགོའི་ས་ནག་གྲམ་ཐང་དུ་ལོ་20ལྷག་ཙམ་རིང་ནུས་པ་ཡག་པོ་ཐོན་ཡོད།
གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། རྣམ་གྲངས་དེ་ལྷ་ས་དང་། ནག་ཆུ། མངའ་རིས་སོགས་གྲོང་ཁྱེར་3དང་རྫོང(ཆུས)6ཏུ་ཕྱོགས་ཡོངས་ནས་སྤེལ་བ་རེད། 2023ལོ་དང་2024ལོར་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་བཅོས་སྐྱོང་གི་ཚོད་ལྟའི་དཔེ་སྟོན་རྒྱ་ཁྱོན་མུའུ་ཁྲི་31ལེགས་གྲུབ་བྱུང་ཡོད།
2.བྱེད་ཐབས་ནུས་ལྡན་གྱིས་རྩྭ་ཐང་ཞན་འགྱུར་བཀག་འགོག་བྱེད་པ།
རང་ལྗོངས་ནི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་རྩྭ་ཐང་ཁྱབ་ཁུལ་གྱི་གྲས་ཤིག་ཡིན་པ་དང་། དེ་ཁུལ་གྱི་རྩྭ་ཐང་ནི་ས་གནས་དེ་གའི་ཞིང་འབྲོག་པའི་འཚོ་བའི་ཡོང་ཁུངས་ཡིན་པ་མ་ཟད། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱེད་པའི་འགག་རྩའི་སྲུང་བཅད་ཞིག་ཀྱང་ཡིན། བསྡོམས་རྩིས་བརྒྱབ་པ་ལྟར་ན། རང་ལྗོངས་ཀྱི་རྩྭ་ཐང་གི་རྒྱ་ཁྱོན་མུའུ་དུང་ཕྱུར་12.01ལྷག་ཙམ་ཟིན་པ་དེས་ལྗོངས་ཡོངས་ཀྱི་ས་ཆ་སྤྱི་ཡོངས་ཀྱི་66.5%བཟུང་ཡོད། འདི་འདྲའི་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་གི་ཐོན་ཁུངས་ནི་རྩ་ཆེའི་རང་བྱུང་ཤུལ་བཞག་ཅིག་ཡིན་ལ། ས་མཐོའི་སྐྱེ་ཁམས་དོ་སྙོམས་རྒྱུན་འཁྱོངས་ཡོང་བའི་རྨང་གཞི་གལ་ཆེན་ཞིག་ཀྱང་ཡིན།
ཉེ་བའི་ལོ་ཤས་རིང་། གནམ་གཤིས་འགྱུར་ལྡོག་གིས་རྐྱེན་པས་ཐན་སྐྱོན་དང་བྱེ་རླུང་གི་གནོད་སྐྱོན་ཆེ་རུ་ཕྱིན་ནས་རྩྭ་ཐང་ཞན་འགྱུར་འགྲོ་ཚད་སྔར་བས་མགྱོགས་སུ་ཕྱིན་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། རང་སྐྱོང་ལྗོངས་སུ་རྩྭ་ཐང་30%ལྷག་ཙམ་ཚད་གཞི་མི་འདྲ་བའི་ཉམས་ཞན་དུ་ཕྱིན་པ་དང་། དེའི་ནང་ས་ཁུལ་ཁག་གཅིག་གི་རྩྭ་ཐང་གི་ཐོན་སྐྱེད་ནུས་པ་རྦད་དེ་ཉམས་ཡོད།
ཛ་དྲག་གི་གནས་བབ་འདི་འདྲའི་མདུན་དུ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་ངེས་པར་དུ་འཕྲལ་སྒྲུབ་དང་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ་རྩྭ་ཐང་ཉམས་ཞན་གྱི་འཕེལ་ཕྱོགས་བཀག་འགོག་དང་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་མ་ལག་འདི་སྲུང་སྐྱོང་བྱེད་དགོས་པའི་ངོས་འཛིན་བྱུང་ཡོད། རྒྱབ་ལྗོངས་དེའི་འོག་རྩྭ་ཐང་གི་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་ལས་དོན་ཉིན་རེའི་ལས་རིམ་ནང་བཅུག་ནས་རང་ལྗོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་གལ་ཆེའི་ནང་གི་འགངས་ཆེར་གྱུར་ཡོད།
3.ཚན་རྩལ་གསར་གཏོད་ཀྱིས་རྩྭ་ཐང་སླར་གསོ་འགན་ལེན་བྱེད་པ།
རྩྭ་ཐང་གི་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་བྱེད་པར་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཞིང་འབྲོག་པ་ཞུགས་དགོས་པ་མ་ཟད། ཚན་རྩལ་གྱི་འདེགས་སྐྱོར་དེ་བས་བྱེད་དགོས། རྣམ་གྲངས་དེས་རྩྭ་ཐང་གི་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་སྔོན་ཐོན་གྱི་ལག་རྩལ་དང་བྱེད་ཐབས་ནང་འདྲེན་དང་ཁྱབ་གདལ་ཧུར་ཐག་བཏང་ནས། རྩྭ་ཐང་སླར་གསོ་བྱེད་པར་ཚན་རྩལ་གྱི་སྒུལ་ཤུགས་ཆེན་པོ་བཏོན་ཡོད།
རྣམ་གྲངས་དེ་རྩྭ་ཐང་ཞན་འགྱུར་གྱི་རིམ་པ་གསུམ་གཞིར་བཟུང་ལག་རྩལ་ནང་འདྲེན་དང་། འདེབས་གསོ། བསྐྱར་དུ་གསར་གཏོད་བཅས་བྱས་པ་བརྒྱུད་ཉམས་ཞན་དུ་འགྱུར་ཚད་ཡང་པོ་དང་འབྲིང་གྲས་ཀྱི་རྩྭ་ཐང་ལ“རྩྭ་ཁ་བཀག་པ་དང་མ་རྨོས་ལུད་སྦྱོར”ཟུང་འབྲེལ་གྱི་སླར་གསོ་བྱེད་ཐབས་སྤྱད་པ་དང་། ཉམས་ཞན་དུ་འགྱུར་ཚད་ཚབས་ཆེ་བ་དང་ཧ་ཅང་ཚབས་ཆེ་བའི་རྩྭ་ཐང་དུ“ཨ་བྲ་དང་གནོད་འབུ་འགོག་བཅོས་དང་། མ་རྨོས་སོན་འདེབས་ལུད་སྦྱོར། རྩྭ་ཁ་བཀག་པ”དང“ཨ་བྲ་དང་གནོད་འབུ་འགོག་བཅོས་དང་། མི་ཐབས་ལེགས་བཅོས། རྩྭ་ཁ་བཀག་པ”སོགས་ཟུང་འབྲེལ་གྱི་སླར་གསོ་བཅོས་སྐྱོང་བྱེད་ཐབས་མི་འདྲ་བ་ལག་ལེན་བསྟར་ཡོད། ལོ་གཉིས་རིང་རྗེས་སྙེག་ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད། ལག་བསྟར་བྱ་ཡུལ་ཁག་གི་རྩྭ་སྐྱེ་འཚར་སྔོན་དཔག་དམིགས་ཚད་ལྟར་བྱུང་ནས་ཕན་འབྲས་ཅུང་ལེགས་པོ་ཐོན་ཡོད།
4.གནོད་འབུ་འགོག་བཅོས་ཀྱིས་རྩྭ་ཐང་གི་སྐྱེ་སྟོབས་འཕེལ་བ།
རྣམ་གྲངས་ཀྱིས་སླར་གསོ་བཅོས་སྐྱོང་བྱས་པའི་མུའུ་ཁྲི་31ཡི་རྩྭ་རར་ས་མཐོའི་སྤུ་གཟེངས་གནོད་འབུ་འགོག་བཅོས་བྱས་པར་མུའུ་ཁྲི་15ཟིན་པ་དང་ས་མཐོའི་ཨ་བྲ་དང་རི་བོང་འགོག་བཅོས་བྱས་པར་མུའུ་ཁྲི་3.7ཟིན་གྱི་ཡོད།
2023ལོར་རང་ལྗོངས་ཀྱི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་བཅོས་སྐྱོང་གི་ཚོད་ལྟའི་དཔེ་སྟོན་རྒྱ་ཁྱོན་བསྡོམས་འབོར་མུའུ་ཁྲི་5ལེགས་འགྲུབ་བྱུང་ཡོད། རྩྭ་གསབ་འདེབས་ཁུལ་གྱི་ལྗང་བུ་ཐོན་ཚད་80%ཟིན་པ་དང་། ལོ་གཉིས་པར་དགུན་སྒྲོལ་ཐུབ་ཚད་76.53%ཟིན་པ། སྔོ་ཁེབས་ཁྱབ་ཚད་67.30%ཟིན་པ། གཟན་རྩྭའི་ཐོན་ཚད་མུའུ་རེར་སྤྱི་རྒྱ་180.54ནས་སྤྱི་རྒྱ་647.51བར་ཟིན་གྱི་ཡོད།
2024ལོར། ཡང་འབད་བསྐྱར་འབད་བྱས་ནས་ཉམས་ཞན་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་བཅོས་སྐྱོང་གི་དཔེ་སྟོན་རྒྱ་ཁྱོན་མུའུ་ཁྲི་26ལེགས་གྲུབ་བྱས་ཡོད། ལོ་དེར་མ་རྨོས་གསབ་འདེབས་ཁུལ་དུ་ལྗང་བུ་ཐོན་ཚད་75%ཟིན་པ་དང་སྔོ་ཁེབས་ཁྱབ་ཚད་60%ཟིན་ཡོད། མ་རྨོས་ལུད་སྦྱོར་ཁུལ་གྱི་སྔོ་ཁེབས་ཁྱབ་ཚད་15%མཐོ་རུ་ཕྱིན་པ་དང་རྩྭ་ཐང་གི་སྤུ་གཟེངས་གནོད་འབུ་གསོད་ཚད་80%ཟིན་ཡོད།
ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་སྙིང་གྲོང་ཤང་དང་། ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་མན་ཐང་ཤང་དང་། བལ་ལ་གྲོང་རྡལ། བྱ་ཁྱུང་གྲོང་རྡལ། གསེར་རྙེད་ཆུས་ན་དམར་ཆེ་ཤང་དང་ཨ་མདོ་རྫོང་མཚོ་དམར་ཤང་བཅས་ཀྱི་ཉམས་ཞན་དུ་སོང་བའི་སྤང་ལྗོངས་སྔོ་ཐིང་ཐིང་དུ་གྱུར་པ་མ་ཟད། མི་སེར་གྱི་ཡོང་འབབ་ཀྱང་མང་དུ་ཕྱིན་ཡོད།