བོད་ཀྱིས་སྒོ་ར་སྔོ་འགྱུར་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་398.59ལེགས་སྒྲུབ་བྱས་པ།
ཉེ་ཆར། གསར་འགོད་པས་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་ནས་ཤེས་རྟོགས་བྱས་པར། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་སྒོ་ར་སྔོ་འགྱུར་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་ལེགས་གཏོང་དང་། སྐྱེ་ཁམས་སྲུང་སྐྱོང་། དཔལ་འབྱོར་འཕེལ་རྒྱས་བཅས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། མིག་སྔའི་བར། ལྗོངས་ཡོངས་སུ་སྒོ་ར་སྔོ་འགྱུར་རྣམ་གྲངས་ཁག་252ལེགས་སྒྲུབ་ཟིན་པར། རིམ་རྩིས་བརྒྱབ་ན། མ་དངུལ་སྒོར་དུང་ཕྱུར་3.43བཏང་བ་དང་། སྔོ་འགྱུར་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་398.59ཟིན་པའི་ནང་ལྷོ་ཁ་གྲོང་ཁྱེར་དང་། ཉིང་ཁྲི་གྲོང་ཁྱེར། ཆབ་མདོ་གྲོང་ཁྱེར། མངའ་རིས་ས་ཁུལ་བཅས་ཀྱི་རྣམ་གྲངས་ལེགས་གྲུབ་བྱུང་ཚད་100%ཟིན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རང་ལྗོངས་ཀྱིས་སྒོ་ར་སྔོ་འགྱུར་དེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས། རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་གིས“སྒྲིག་འགལ་ཁང་པ་བཤིག་ནས་སྔོ་འགྱུར་དང་། གསེད་བཀྲོལ་བར་འདུམ་བྱས་ནས་སྔོ་འགྱུར། སྟོང་པ་ཡོད་ཚད་ལ་ཤིང་འཛུགས་པ”བཅས་ཀྱི་བླང་བྱ་བཏོན་པར། ས་གནས་ཁག་གིས་ཡུལ་བབ་དང་བསྟུན་ནས་ལས་དོན་སྤེལ་བ་རེད། ལྷ་ས་གྲོང་ཁྱེར་འདི་ཉིད་ཚོད་ལྟའི་སྔོན་སྤེལ་གྲོང་ཁྱེར་ཞིག་ཡིན་པའི་ངོས་ནས། ཆེད་དོན་ཇུས་གཞི་བཟོས་ཏེ་ལག་རྩལ་གྱི་ཚད་གཞི་དང་ཤིང་སོན་གྱི་མིང་ཐོ་ཁ་གསལ་བཟོས་པ་དང་། ཉིང་ཁྲི་གྲོང་ཁྱེར་གྱིས་བཞའ་ཚན་ཆེ་བའི་གནམ་གཤིས་ལ་བརྟེན་ནས་ཤིང་སོན་སྣ་ཚོགས་བཏབ་སྟེ་སྐྱེ་ཁམས་མཛེས་ལྗོངས་བསྐྲུན་པ། མངའ་རིས་ས་ཁུལ་གྱིས་མཐོ་གྲང་དང་ཐན་པའི་ཁོར་ཡུག་ལ་དམིགས་ནས་གྲང་བཟོད་རྩི་ཤིང་བདམས་ཏེ་སྔོ་འགྱུར་རྣམ་གྲངས་ལེགས་སྒྲུབ་བྱས་པ་རེད། སྒོ་ར་སྔོ་འགྱུར་གྱིས་སྐྱེ་ཁམས་ལ་ཕན་འབྲས་ཐོན་པ་མ་ཟད། སྐྱེ་ཁམས་དང་དཔལ་འབྱོར་གཉིས་ཕན་བྱུང་ནས་མང་ཚོགས་ཀྱིས་ལྗང་མདོག་གི་ཕན་པ་ལོངས་སུ་སྤྱོད་ཐུབ་པར་བྱས་ཡོད། སྲིད་ཇུས་ཀྱི་སྐུལ་འདེད་འོག བོད་ཀྱི་ས་གནས་ཁག་ཏུ་དམངས་ཡོངས་སྒོ་ར་སྔོ་འགྱུར་འཛུགས་སྐྲུན་ནང་ཞུགས་པའི་རྣམ་པ་བཟང་པོ་མངོན་ནས“མེ་ཏོག་གསོ་བ་དང་སྔོ་ལྗང་སྲུང་བའི”དར་སྲོལ་གསར་པ་ཞིག་ཆགས་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། སླད་ཕྱིན་རང་ལྗོངས་ཀྱིས་སྒོ་ར་སྔོ་འགྱུར་དང་ཐཱན་ཉུང་འཕེལ་རྒྱས་མཉམ་འདྲེས་གཏིང་ཟབ་བྱས་ཏེ“མཛེས་པ་ལྔ་ལྡན་གྱི་སྒོ་ར”སྐྲུན་པ་དང་། སྔོ་འགྱུར་རྣམ་གྲངས་ཀྱི་ལྟ་སྐོར་རང་བཞིན་དང་སྒྱུ་རྩལ་རང་བཞིན་ཆེ་རུ་གཏོང་བ། “རྒྱལ་ཁབ་ཀྱི་སྐྱེ་ཁམས་སྐྱེད་ཚལ་གྲོང་ཁྱེར”གྱི་དམིགས་ཚད་ཕྱོགས་སུ་བརྟན་པོ་སྐྱོད་པ་བཅས་བྱས་ནས། ས་མཐོའི་མི་དམངས་ལ་དེ་བས་མཛེས་སྡུག་ལྡན་པའི་ལྗང་མདོག་གི་ལེའུ་ཞིག་རྩོམ་རྒྱུ་ཡིན་པ་རེད།