དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ཁོར་ཡུག་གཙང་ལ་སྐྱིད་སྣང་དོད་པས་གྲོང་མིའི་བདེ་ཐང་དེ་བས་འགན་ལེན་ཐུབ་པ།

    དིང་རི་རྫོང་གིས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་བདེ་འཇགས་འགན་ལེན་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-02-17

    སྔ་དྲོའི་ཆུ་ཚོད་བཅུ་དང་ཕྱེད་ཀར། དིང་རི་རྫོང་ཆུ་ལྷོ་ཤང་མཚོ་སྔ་གྲོང་ཚོའི་གྲོང་མི་ལྷག་པ་བུ་ཁྲིད་ཀྱིས་གད་གཞོང་འཁྱེར་ནས་ལམ་འགྲམ་དུ་གད་སྙིགས་བསྡུ་རུབ་དང་བརྒྱུད་འདྲེན་རླངས་འཁོར་སྒུག་བཞིན་ཡོད། ཅུང་མ་འགོར་བར། གཞིས་རྩེ་གྲོང་ཁྱེར་གཉེར་སྐྱོང་ཞབས་ཞུ་ཚད་ཡོད་ཀུང་སིའི་གད་སྙིགས་བསྡུ་རུབ་དང་བརྒྱུད་འདྲེན་རླངས་འཁོར་ཡོང་བ་མཐོང་སྐབས་གྲོང་མིས་གཅིག་རྗེས་གཉིས་མཐུད་ངང་གད་གཞོང་འཁྱེར་ནས་རང་ཉིད་ཀྱི་གད་སྙིགས་རླངས་འཁོར་ནང་བླུགས་ཏེ་རང་ཁྱིམ་དུ་ལོག “ཁོང་ཚོས་ཉིན་ལྟར་གད་སྙིགས་བསྡུ་བར་ཡོང་བས་ད་ལྟ་གད་སྙིགས་གཙང་སེལ་བྱེད་པར་སྟབས་ཧ་ཅང་བདེ་པོ་འདུག དེ་ལས་བཀོད་སྒྲིག་བྱ་ཡུལ་གྱི་ཁོར་ཡུག་གཙང་དུ་སོང་བ་མ་ཟད། ང་ཚོ་རང་ཉིད་ཀྱི་གཟུགས་པོའི་བདེ་ཐང་ལའང་ཕན་ཐོགས་ཡོད”ཅེས་ལྷག་པ་བུ་ཁྲིད་ཀྱིས་བཤད།

    དིང་རི་རྫོང་གི་གེགས་ཁུལ་གྱི་འཚོ་བའི་གད་སྙིགས་བརྒྱུད་འདྲེན་ཚོགས་ཆུང་གི་འགན་འཁུར་བ་བཀྲ་ཤིས་ཀྱིས་གསར་འགོད་པར་ང་ཚོས་དིང་རི་རྫོང་གྲམ་མཚོ་ཤང་དང་། ཆུ་ལྷོ་ཤང་། མཚོ་སྒང་ཤང་བཅས་ཀྱི་འཚོ་བའི་གད་སྙིགས་བསྡུ་རུབ་དང་། བརྒྱུད་འདྲེན། ས་སྦས་བཅས་ཀྱི་ལས་ཀའི་འགན་འཁུར་གྱི་ཡོད།

    ཉིན་ལྟར་ཞོགས་པའི་ཆུ་ཚོད་བརྒྱད་དང་ཕྱེད་ཀར་བཀོད་སྒྲིག་བྱ་ཡུལ་ཁག་ཏུ་འཚོ་བའི་གད་སྙིགས་བསྡུ་བར་བསྐྱོད་པ་ནས་དགོང་མོའི་ཆུ་ཚོད་བརྒྱད་པ་ཡོལ་ཙམ་བར་ལས་ཀ་བྱས་ཏེ། བསྡུས་པའི་འཚོ་བའི་གད་སྙིགས་རྣམས་ས་སྦས་གཏོང་སར་བསྐྱལ་ནས་གཙང་སེལ་བྱེད་ཀྱི་ཡོད། ཉིན་རེར་ཐེངས་2ནས་3བར་གད་སྙིགས་བསྡུ་རུབ་དང་བརྒྱུད་འདྲེན་བྱེད་དགོས་ཀྱི་ཡོད་པ་དང་ཉེ་སྔོན་ཉིན་རེར་འཚོ་བའི་གད་སྙིགས་ཏུན་20ལྷག་ཙམ་བསྡུ་རུབ་བྱེད་པ་དང་ད་ཆ་ཉིན་རེར་ཏུན་10ལྷག་ཙམ་བསྡུ་རུབ་བྱེད་དགོས་ཀྱི་ཡོད་པས་རིམ་རྩིས་བརྒྱབ་ན་འཚོ་བའི་གད་སྙིགས་ཏུན་411བརྒྱུད་འདྲེན་བྱེད་ཀྱི་ཡོད་ཅེས་བཤད།

    གེགས་རྗེས་སླར་གསོ་བསྐྱར་སྐྲུན་ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་བདེ་འཇགས་འགན་ལེན་བྱ་ཆེད། གཞིས་རྩེ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས། གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་དིང་རི་རྫོང་གི་ས་ཡོམ་རིམ་པ་6.8ཀྱི་གེགས་རྗེས་བསྐྱར་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་གདེང་འཇོག་འགན་སྲུང་ལས་ཀའི་ཆེད་སྒྲུབ་ཚོགས་ཆུང་བཙུགས་ནས། ལས་ཀའི་ཆེད་སྒྲུབ་ཚོགས་ཆུང་གི་ཁོངས་མི་དང་ལས་ཀའི་འགན་འཁྲི་སྔར་བས་ཁ་གསལ་བཟོས་ཏེ། ཁོར་ཡུག་གདེང་འཇོག་སྲིད་ཇུས་གསལ་འགྲེལ་དང་མཛུབ་ཁྲིད་ཀྱི་ལས་དོན་ཡག་པོ་བསྒྲུབས་ཡོད། 《ས་ཡོམ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་གདེང་འཇོག་ཞིབ་མཆན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་ཕྱོགས་སྟོན》བཀྲམ་ནས། སྒེར་ཁང་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་སོགས་ཁོར་ཡུག་གདེང་འཇོག་སྲིད་ཇུས་ཁག་11ཁ་གསལ་བཟོས་པ་དང་། དེའི་ནང་རྣམ་གྲངས་རིགས་11ཀྱི་ཁོར་ཡུག་གདེང་འཇོག་ཆག་ཡང་དང་། རྣམ་གྲངས་རིགས་8ཀྱི་ཁོར་ཡུག་གདེང་འཇོག་རིམ་པ་དམའ་རུ་བཏང་བ། གེགས་རྗེས་བསྐྱར་སྐྲུན་རྣམ་གྲངས་ཚང་མའི་ཁོར་ཡུག་གདེང་འཇོག་ཞིབ་མཆན་དུས་ཚད་50%ཐུང་དུ་བཏང་ཡོད།《དིང་རི་རྫོང་གི་ས་ཡོམ་རིམ་པ་6.8ཀྱི་གནོད་འཚེར་ཁ་གཏད་གཅོག་པ་དང་སྐྱེ་ཁམས་ཁོར་ཡུག་གི་འབྲེལ་ཡོད་ལག་རྩལ་ཚད་གཞི་དང་ལས་ཀའི་ཕྱོགས་སྟོན་སྐོར་གྱི་གཞིས་རྩེ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ཕྱོགས་བསྒྲིགས》སྒྲིག་བཟོ་བྱས་ནས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་བླང་བྱ་བཏོན་པའི་ནང་ཐལ་རྡུལ་ཚོད་འཛིན་དང་། ཆུ་སྙིགས་གཙང་སེལ། སྲ་གཟུགས་སྙིགས་རྫས་བསྡུ་རུབ་དང་གཙང་འདྲེན། ཐག་གཅོད་བཅས་དང་དེ་བཞིན་འཛེར་སྒྲའི་སྦགས་བཙོག་འགོག་བཅོས་སོགས་ཚུད་ཡོད། གཞན་ཡང་གཞིས་རྩེ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་ད་དུང《ཁོར་ཡུག་འཕྲལ་སྡོམ་དམག་འཐབ་བཀོད་འདོམས་ལག་དེབ》བཏོན་པ་དང་། ས་ཡོམ་གནོད་འཚེ་ཕོག་ཁུལ་གྱི་བཀོད་སྒྲིག་བྱ་ཡུལ་གྱི་འཐུང་ཆུའི་ཆུ་ཁུངས་བདེ་འཇགས་དང་། འཚོ་བའི་གད་སྙིགས་གཙང་སེལ། ཞིག་རོ་གཙང་སེལ། སྨན་བཅོས་གད་སྙིགས་གཙང་སེལ་སོགས་ལག་རྩལ་ཕྱོགས་སྟོན་6དང་ལག་རྩལ་ཇུས་གཞི་10བཟོས་པ་རེད།

    གཞིས་རྩེ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་དིང་རི་རྫོང་ཡན་ལག་ཅུས་ཀྱི་ཅུས་ཀྲང་གཞོན་པ་དབྱིན་ཀྲེས། དིང་རི་རྫོང་གིས་བཀོད་སྒྲིག་བྱ་ཡུལ་གྱི་འཚོ་བའི་གད་སྙིགས་ཉིན་རེར་གཙང་སེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། སྨན་བཅོས་གད་སྙིགས་གནས་སྐབས་ཉར་ཚགས་བྱེད་པའི་དུས་ཚོད་ཉིན་གཉིས་ལས་བརྒལ་མི་ཆོག་པའི་བླང་བྱ་ལྟར་ཉིན་གཉིས་ནང་གཙང་སེལ་ཐེངས་གཅིག་བྱེད་པ་དང་གཙང་སེལ་བྱེད་རིང་དངོས་རྫས་རིགས་དབྱེ་ནས་སྤུངས་པ་དང་ལམ་ངོས་སུ་ཆུ་གཏོར་ནས་ཐལ་རྡུལ་མི་ལངས་པ་སོགས་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས། དིང་རི་རྫོང་ཆུ་བེད་ཅུས་ཀྱི་ལས་རོགས་ལག་རྩལ་ཆེ་མོ་བ་པ་སངས་བསྟན་འཛིན་གྱིས་གསར་འགོད་པར་ཆུ་ཀ་ལའི་ནང་གི་ཆུ་གཙང་འགྱུར་བྱས་པས་རྒྱལ་ཁབ་ཀྱི་འཐུང་ཆུའི་བདེ་འཇགས་དམིགས་ཚད་ཁག་བཞི་ཡི་ཚད་གཞི་ལོན་སྟབས་ཐད་ཀར་འཐུང་ཆོག་ཅེས་བཤད།

    དིང་རི་རྫོང་ཆུ་བེད་ཅུས་ཀྱིས་དགའ་རེ་སྒོར་སྐྱེད་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་དུ་རིག་ནུས་ཅན་གྱི་བཀོལ་སྤྱོད་དང་ཉི་ནུས་གློག་མཁོ་འདོན་གྱི་ཆུའི་སྤུས་ཚད་གཙང་འགྱུར་སྒྲིག་ཆས་ཆེ་གྲས་ཆ་ཚང་ཞིག་སྒྲིག་སྦྱོར་བྱས་ཏེ། ཉིན་རེའི་སྔ་དགོང་ཕྱི་གསུམ་ལ་དུས་བཀག་ལྟར་ཆུ་ཏུན་6མཁོ་འདོན་བྱས་པས། མཚོ་སྒང་ཤང་སྲིད་གཞུང་གནས་ས་དང་ཉེ་འཁོར་གྲོང་ཚོའི་མང་ཚོགས་6000ལྷག་ཙམ་གྱི་འཐུང་ཆུ་དང་། ཟ་མ་བཟོ་བ། གོས་འཁྲུ་བ་སོགས་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད། པ་སངས་བསྟན་འཛིན་གྱིས། སྨོན་ཏོག་དང་གཡུ་སྦེ་སོགས་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་དུ་ད་དུང་ཆུ་གཙང་འགྱུར་སྒྲིག་ཆས་ཆུང་གྲས་7སྒྲིག་སྦྱོར་བྱས་པས། མི་2500ནས་3000བར་གྱི་འཐུང་ཆུའི་དགོས་མཁོ་སྐོང་ཐུབ་པ་མ་ཟད། ཉིན་རེར་ཆུ་ཚོད་24ལ་ཆུ་ཚ་པོ་མཁོ་འདོན་ཡང་བྱེད་ཀྱི་ཡོད། ཉེ་ཆར་ད་དུང་དཔལ་འབྱོར་སྒང་གྲོང་ཚོ་དང་སྐྱིད་འོང་གྲོང་ཚོ་སོགས་སུ་ཆུ་གཙང་འགྱུར་སྒྲིག་ཆས་ད་དུང་12མང་དུ་གཏོང་རྒྱུ་ཡིན་པ་རེད།

    ཆུ་གཙང་འགྱུར་སྒྲིག་ཆས་ནས་ཆུ་ཚ་པོ་ལེན་བཞིན་པའི་སྨོན་ཏོག་གྲོང་ཚོའི་གྲོང་མི་ཚེ་རིང་གཡུ་སྒྲོན་གྱིས“ང་ཚོའི་འཁྲིས་ཀྱི་སྟབས་བདེའི་ཁང་པ་ནས་ཆུ་ཚ་པོ་ལེན་ཐུབ་ཀྱི་འདུག ང་ཚོའི་བཀོད་སྒྲིག་བྱ་ཡུལ་གྱི་དུད་ཚང་བཅུ་གྲངས་ཚང་མ་འདི་ནས་ཆུ་ཚ་པོ་ལེན་གྱི་ཡོད། དེ་དག་ཚང་མ་ཏང་དང་རྒྱལ་ཁབ་ཀྱིས་ང་ཚོར་ཐུགས་ཁུར་དང་ལྟ་རྟོག་གནང་བ་ལས་བྱུང་བ་ཞིག་ཡིན་པས། ཁོང་རྣམ་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད།

    གསར་འགོད་པ་བཀོད་སྒྲིག་བྱ་ཡུལ་ཁག་ཏུ་སྐྱོད་སྐབས། ཁོར་ཡུག་གཙང་ལ་ཆུ་ལེན་པར་སྟབས་བདེ་ལ་མང་ཚོགས་ཀྱི་འཚོ་བ་ཡང་དེ་བས་བདེ་ཐང་དང་བདེ་སྐྱིད་ལྡན་པ་ཞིག་ཡོད་པ་མཐོང་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།