དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་བོད་དུ་ཡུལ་སྐོར་གྱི་ཚ་རླབས་རྒྱུན་མཐུད་འཕྱུར་ནས། མི་ཚོགས་སྟུག་ལ་འཛད་སྤྱོད་བྱེད་མཁན་མང་བ།

    བོད་ཀྱི་རིག་གནས་ཡུལ་སྐོར་ཁྲོམ་རར་གསོན་ཤུགས་གསར་པ་རྒྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-13

    འདི་ནི་གསའ་ཕུ་གངས་རི་ཡིན་པ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་2025ལོའི་དཔྱིད་གསར་དུས་ཆེན་མཚན་ཚོགས་ཀྱི་བོད་ལྗོངས་ལྷ་སའི་ཡན་ལག་ཚོགས་རའི་གོ་སྐབས་བཟང་པོ་དང་། “དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་ལས་བོད་དུ་ཡུལ་སྐོར་བྱེད་པའི་ཚ་རླབས་རྒྱུན་མཐུད་འཕྱུར་ཏེ། ལོ་གསར་གྱི་རྣམ་པ་ཟབ་མོའི་ཁྲོད་གང་སར་གསོན་ཤུགས་རྒྱས་བཞིན་མཆིས།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་2025ལོའི་དཔྱིད་གསར་དུས་ཆེན་མཚན་ཚོགས་ཀྱི་བོད་ལྗོངས་ལྷ་སའི་ཡན་ལག་ཚོགས་རའི་གྲོང་ཁྱེར(ས་ཁུལ)བདུན་གྱི་དྲིལ་བསྒྲགས་པར་གཞིའི་ནང་ནག་ཆུ་ནི་དང་ཐོག་འཁྲབ་སྟོན་བྱེད་མཁན་ཞིག་ཡིན་པའི་ངོས་ནས། འཁྲབ་ཆས་དང་འཁྲབ་བྱའི་ནང་དོན་སོགས་སྒེག་ཉམས་དོད་པོས་ལྟད་མོ་བའི་མིག་ལམ་དུ་བཤམས་ཤིང་། འགྱིང་ངེར་གནས་པའི་གངས་རི་དང་། དྲོ་འཇམ་ཉི་མ། འཁྲུག་ཆ་དོད་པའི་གླུ་གར་སོགས་ནག་ཆུའི་ཐུན་མོང་མ་ཡིན་པའི་མི་ཆོས་རིག་གནས་དང་ཡུལ་སྲོལ་གོམས་གཤིས་དང་། ལྟ་ན་སྡུག་པའི་རང་བྱུང་མཛེས་ལྗོངས་ལ་བརྟེན་ནས་རིག་གནས་ཡུལ་སྐོར་གྱི་བཀྲག་མདངས་འཚེར་ས་མངོན་པར་བྱས་ཏེ་མི་མང་པོའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པར་བྱས་ཐོག ཡུལ་སྐོར་གྱི་ཚ་རླབས་ཀྱང་འཕྱུར་བར་བྱས་ཡོད། ནག་ཆུ་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་ཀྱིས་བསྡོམས་རྩིས་བརྒྱབ་པ་ལྟར་ན། དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་གྲོང་ཁྱེར་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་26979ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་530.91བྱུང་བ་དེ་ན་ནིང་གི་དུས་མཚུངས་ལས་27%དང་38%སོ་སོར་འཕར་ཡོད་པ་རེད།

    “ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་2025ལོའི་དཔྱིད་གསར་དུས་ཆེན་མཚན་ཚོགས་ཀྱི་བོད་ལྗོངས་ལྷ་སའི་ཡན་ལག་ཚོགས་ར་བརྒྱུད་ངས་གསའ་ཕུ་གངས་རི་མཐོང་བྱུང་། དེ་རྗེས་ངས་འབྲེལ་ཡོད་ཕྱོགས་ཁག་ནས་མཛེས་ལྗོངས་ཁུལ་གྱི་འབྲེལ་ཡོད་ཆ་འཕྲིན་བཙལ་མཐར་དེ་གར་འགྲོ་འདོད་ཀྱི་འདུན་པ་སྐོམ་པ་ཆུ་འདོད་ལྟར་བྱུང་།

    དམིགས་སར་འབྱོར་མ་ཐག་གཡའ་དག་པའི་ནམ་མཁའ་དང་། བརྗིད་ཆགས་ཀྱི་གངས་རི། ལྷུན་སྡུག་གི་འཁྱགས་རོམ་སོགས་ཡིད་དུ་འོང་བའི་མཛེས་ལྗོངས་ལྟ་བས་མི་ངོམས་པ་ཞིག་འདུག”ཅེས་ཧྲན་ཤིས་ནས་ཡིན་པའི་ཨ་ཅག་ལིའུ་ལགས་ཀྱིས་བཤད།

    གསའ་ཕུ་གངས་རི་ནི་2016ལོར་གཞི་ནས་ཉེ་རིང་གང་སར་སྐད་གྲགས་ཆོད་པ་དང་། སྲུང་སྐྱོང་ཧ་ཅང་ཚགས་ཚུད་པའི་རང་བྱུང་འཁྱགས་རོམ་ཞིག་རེད། གངས་རི་དེའི་མཐོ་ཤོས་ལ་ས་བབ་སྨི་6956ཡོད་པ་དང་། བྱང་ངོས་སུ་བོངས་ཆེ་བའི་གསའ་ཕུ་འཁྱགས་རོམ་ཡོད། འཁྱགས་རོམ་གྱི་མཇུག་སྣེར་གསའ་མཚོ་ཞེས་འབོད་པའི་མཚེའུ་ཞིག་ཡོད་པ་དེའི་ས་བབ་སྨི་4750ཙམ་ཟིན་གྱི་ཡོད། གསའ་མཚོར་ནང་མཚོ་དང་ཕྱི་མཚོ་གཉིས་ཡོད་ཅིང་། ནང་མཚོ་ནི་གངས་གཤམ་དུང་མཚོ་ཞེས་འབོད་པའི་འཁྱགས་མཚོ་ཞིག་ཡིན་པས་ལོ་འཁོར་མོར་བཞུར་གྱི་མེད་པ་དང་། ལོ་གཅིག་དུས་བཞི་ཚང་མར་ལོ་ངོ་སྟོང་གི་འཁྱགས་རོམ་བཟོ་ལྟ་སྣ་ཚོགས་མཐོང་རྒྱུ་ཡོད། ཕྱི་མཚོ་དྭངས་ཤིང་གཙང་ལ་མཚོ་ནང་དུ་ཉ་ཁྱུ་ཅི་དགར་རོལ་ནས་ཡོད།

    ཤོད་རྒྱུན་དུ། ལོ་རེའི་བོད་ཟླ་5པའི་ཚེས་15ཉིན། གསའ་མཚོའི་ཕྱི་མཚོའི་འཁྱགས་པ་མཚན་ཞག་གཅིག་རང་ལ་བཞུར་འགྲོ་བ་དང་། ཡང་བོད་ཟླ་9པའི་ཚེས་15ཉིན་གྱི་མཚན་མོ་དེ་རང་ལ་མཚོ་ཧྲིལ་པོར་དར་ཆགས་ཀྱི་ཡོད་པ་རེད། ངོ་མཚར་ཆེ་བའི་སྣང་ཚུལ་དེ་ཡང་སྙིང་བདེན་དང་མི་བདེན་རྩད་ཞིབ་བྱེད་རིན་ཆེན་པོ་ཡོད།

    ཉིང་ཁྲི་གྲོང་ཁྱེར་གྱི་དཔྱིད་གསར་དུས་ཆེན་གྱི་རིག་གནས་ཡུལ་སྐོར་ཁྲོམ་རར་ཡང་འགོ་འཛུགས་བཀྲ་ཤིས་བྱུང་ཡོད། གསར་འགོད་པས་ཉིང་ཁྲི་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱས་པར། དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་གྲོང་ཁྱེར་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་22.05ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་1.25བྱུང་བ་དེ་ན་ནིང་གི་དུས་མཚུངས་ལས་38.50%དང་47.72%སོ་སོར་འཕར་ཡོད་པ་རེད།

    རྫོང(ཆུས་དང་གྲོང་ཁྱེར)ཁག་གི་གྲངས་གཞིར་བལྟས་ཚེ། གྲོང་ཁྱེར་ཡོངས་ཀྱི་དཔྱིད་གསར་དུས་ཆེན་གྱི་ཡུལ་སྐོར་གྲངས་གཞིའི་མིང་ཐོའི་ནང་བྲག་ཡིབ་ཆུས་དང་། སྤོ་བོ་རྫོང་། ཀོང་པོ་རྒྱ་མདའ་རྫོང་བཅས་ཨང་དང་པོ་ནས་གསུམ་པའི་བར་སླེབས་ཡོད་པ་རེད། བྲག་ཡིབ་ཆུས་ཀྱིས་ཡུལ་སྐོར་བ་མི་ཐེངས་68568ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་6416.60བྱུང་བ་དང་། སྤོ་བོ་རྫོང་གིས་ཡུལ་སྐོར་བ་མི་ཐེངས་50122ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་1468.57བྱུང་བ། ཀོང་པོ་རྒྱ་མདའ་རྫོང་གིས་ཡུལ་སྐོར་བ་མི་ཐེངས་45032ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་2521.77བྱུང་ཡོད་པ་རེད།

    བྲག་ཡིབ་ཆུས་སུ་གནས་པའི་མཁར་སྟེང་རོང་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་གྱི་ཚ་རླབས་རྒྱུན་མཐུད་འཕྱུར་ཞིང་། མཛེས་ལྗོངས་ཁུལ་གསལ་འགྲེལ་ལྟེ་གནས་ཀྱི་ཅིང་ལི་ཙུའོ་ཡཱ་ཡཱ་ཡིས“འདི་ལོ་ཡུལ་སྐོར་བའི་མི་གྲངས་དུས་མཚུངས་ལས་40%ལྷག་ཙམ་འཕར་ཡོད། ང་ཚོས་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་དང་ཞབས་ཞུའི་སྤུས་ཚད་ལེགས་སུ་གཏོང་རྒྱུ་ཡིན་པས། ཡུལ་སྐོར་བ་དེ་བས་མང་བ་མཁར་སྟེང་རོང་མཛེས་ལྗོངས་ཁུལ་དུ་ཡོང་རྒྱུའི་རེ་བ་ཡོད”ཅེས་བརྗོད།

    འགོ་འཛུགས་བཀྲ་ཤིས་བྱུང་བས་མུ་མཐུད་བཀྲ་ཤིས་ཡོང་བར་འབད་དགོས། གོམ་སྟབས་རྗེས་མར། ཉིང་ཁྲི་གྲོང་ཁྱེར་གྱིས་སྤོ་བོ་དང་། མེ་ཏོག ཀོང་པོ་རྒྱ་མདའ་བཅས་ཀྱི་ཡུལ་སྐོར་གྲགས་ཅན་རྫོང་འཛུགས་གཏོད་བྱེད་པར་དམིགས་ཏེ། ཀོང་པོ་དང་། མོན་པ། ལྷོ་པ་སོགས་མི་རིགས་ཀྱི་ཁྱད་ལྡན་གྲོང་རྡལ་འཆར་འགོད་འཛུགས་སྐྲུན་བྱེད་པ་དང་། ཞིབ་མོའི་བློ་ཡིས“རྒྱལ་ལམ་318 ཀྲུང་གོའི་རྒྱལ་ལམ་མཛེས་ཤོས”དང“རྒྱལ་ལམ་219 རྒྱལ་ཁབ་ཀྱི་ལམ་ཆེན”ལ་བཏོད་ནས། ཡུལ་སྐོར་གྱི་ལས་རྣམ་གསར་པ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་སྟེ་ཡུལ་སྐོར་ལས་རིགས་ཀྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་རེད།

    ཀོང་ཏུང་ནས་ཡོང་བའི་སྐུ་ཞབས་ལེང་ལགས་བཟའ་ཚོ་གཉིས་དཔྱིད་གསར་དུས་ཆེན་གྱི་གུང་གསེང་དང་བསྟུན་ནས། སྔ་རྗེས་སུ་ཉིང་ཁྲི་དང་ལྷ་ས་སོགས་སུ་ཡུལ་སྐོར་དུ་ཡོང་བ་རེད། བཀྲ་ཤིས་ལྷུན་པོ་དགོན་ལ་ལྟ་སྐོར་བྱས་རྗེས། སྐུ་ཞབས་ལེང་ལགས་ཀྱིས“བོད་ལྗོངས་ནི་གནས་ཁྱད་པར་ཅན་ཞིག་རེད་འདུག ད་ཐེངས་ཀྱི་ཡུལ་སྐོར་བརྒྱུད་ངས་བོད་མི་དམངས་ཀྱི་གཞུང་དྲང་བབ་ཆགས་དང་སེམས་རྩ་འཁོལ་བའི་རང་གཤིས་དེ་ཚོར་བྱུང་། ལྟ་བས་ཆོག་མི་ཤེས་པའི་མཛེས་ལྗོངས་དག་ནི་མིག་གི་ལོངས་སྤྱོད་ཅིས་མ་ཡིན། ད་ཐེངས་དངོས་འབྲེལ་ཡོང་རིན་ཆོག་འདུག”ཅེས་མྱོང་བ་ཟབ་མོས་བརྗོད།

    དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་དཔྱིད་གསར་དུས་ཆེན་དང་གཞིས་རྩེའི་སོ་ནམ་ལོ་གསར་བརྗོད་དོན་གཙོ་བོར་བྱས་ཏེ། སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་བྱེད་སྒོ་ཇུས་འགོད་ཞིབ་ཚགས་བྱས་ཏེ་སྤེལ་ཞིང་། དེའི་ནང་རིག་རྩལ་འཁྲབ་སྟོན་དང་། འགྲེམས་སྟོན། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་སོགས་ཀྱི་ཁྱབ་ཁོངས་མང་པོ་ཚུད་ཡོད། ཁྱོན་བསྡོམས་བྱེད་སྒོ་ཐེངས་688སྤེལ་བར་ལྟད་མོ་བ་མི་ཐེངས་ཁྲི་9.26གི་ཡིད་དབང་བཀུག་སྟེ། དུས་ཆེན་གྱི་རྣམ་པ་ཡག་པོ་ཞིག་བསྐྲུན་ནས་མང་ཚོགས་དང་ཡུལ་སྐོར་བའི་བསམ་པའི་རིགས་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད།

    ཤེས་རྟོགས་བྱས་པར་གཞིགས་ན། དཔྱིད་གསར་དུས་ཆེན་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་15.86ལྷག་ཙམ་ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་55.05%འཕར་བ་དང་། ཡུལ་སྐོར་ཡོང་འབབ་སྒོར་ཁྲི་4201.27བྱུང་བ་དེ་དུས་མཚུངས་ལས་52.05%འཕར་ཡོད། དེའི་ཁྲོད་Aརིམ་པའི་མཛེས་ལྗོངས་ཁུལ(ས་ཚིགས)གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་10.88ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་1297.13བྱུང་ཡོད། དེ་མིན། གཞིས་རྩེ་གྲོང་ཁྱེར་གྱིས་ད་དུང་མི་ཐེངས་307བཀོད་སྒྲིག་བྱས་ཏེ། ཁྱོན་བསྡོམས་མཛེས་ལྗོངས་ཁུལ་20ལ་གྲལ་བཤེར་བྱས་པ་དང་། རོལ་རྩེད་ཁང་91དང་། དྲ་སྦྲེལ་གཉེར་སྐྱོང་ཚན་པ་26 འཁྲབ་སྟོན་བྱ་ཡུལ་23བཅས་ལ་བརྟག་དཔྱད་བྱས་ནས། ཡུལ་སྐོར་ཁྲོམ་ར་རྒྱུན་ཆད་མེད་པར་ཚད་ལྡན་ཡོང་བར་བྱས་ཐོག ཡུལ་སྐོར་བར་ཡུལ་སྐོར་གྱི་མྱོང་བ་ལེགས་པོ་ཞིག་ཡོང་བའི་འགན་ལེན་ཡང་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།