དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • དཔྱིད་གསར་དུས་ཆེན་རིང་བོད་དུ་ཡུལ་སྐོར་ལ་ཡོང་མཁན་མང་དུ་དང་ཕྱིར་ཚོང་དངུལ་འབོར་ཇེ་མང་དུ་ཕྱིན་པ།

    འཛད་སྤྱོད་ཀྱི་ཚ་རླབས་ས་མཐོའི་གང་སར་འཕྱུར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-11

    དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་། ལྷ་སའི་ཁྲོམ་གཞུང་གང་སར་ལྒང་བཞུ་སྣ་ཚོགས་བཀལ་བ་དང་། ཚོང་ར་ཆེ་གྲས་ཁག་དང་ཉོ་སྒྲུབ་ལྟེ་གནས་ཁག་ཏུ་མི་ཚོགས་ཆེ་བ། རིག་ནུས་ཁྱིམ་སྤྱོད་གློག་ཆས་དང་ནུས་རྒྱུ་གསར་པའི་རླངས་འཁོར་སོགས་བྲིན་ཁ་རྒྱུག་པ། གློག་བརྙན་གྱི་སྤ་སེ་མངགས་ཉོ་དང་། གསོལ་མགྲོན་ཁང་དང་དམངས་སྲོལ་གནས་ཚང་སྔོན་མངགས། ཞིམ་ཟས་མཉམ་ཉོ་སོགས་ཀྱི་དགོས་མཁོ་ཧ་ཅང་ཆེན་པོ་ཡོད།

    རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་2025ལོའི་དཔྱིད་གསར་དུས་ཆེན་མཚན་ཚོགས་ཀྱི་བོད་ལྗོངས་ལྷ་སའི་ཡན་ལག་ཚོགས་ར་དང“དགུན་དུས་བོད་ལ་ཡུལ་སྐོར་བྱེད”ཅེས་པའི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པའི་སྐུལ་ཁྲིད་འོག རང་ལྗོངས་ཀྱི་ཡུལ་སྐོར་འཛད་སྤྱོད་ལ་སྣ་མང་ཅན་གྱི་རྣམ་པ་མངོན་པ་དང་། ཉིང་ཁྲི་གྲོང་ཁྱེར་དང་ལྷོ་ཁ་གྲོང་ཁྱེར་སོགས་གྲོང་ཁྱེར(ས་ཁུལ)གྱིས་གངས་འཁྱགས་ཐོན་ཁུངས་ལ་བརྟེན་ནས་གངས་ཤུད་དང་། འཁྱགས་ཤུད། གངས་རིའི་མཛེས་ལྗོངས་ལ་ལྟ་བ་སོགས་ཁྱད་ལྡན་ཐོན་རྫས་བཏོན་པ། ལྗོངས་ཡོངས་ཀྱི་ས་གནས་ཁག་གིས་བོད་ཀྱི་ལོ་གསར་གྱི་རྟེན་འབྲེལ་བྱེད་སྒོ་དང་། མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན། དམངས་སྲོལ་ཉམས་ལེན་སོགས་ཀྱི་བྱེད་སྒོ་སྤེལ་བར་ཡུལ་སྐོར་བ་ཞུགས་མཁན་མང་དུ་ཕྱིན་ལ་ཉམས་ལེན་གྱི་ཚོར་སྣང་ཟབ་ཏུའང་ཕྱིན་ཡོད།

    ཉེ་ཆར། ཐུང་ཁྲེང་ཡུལ་སྐོར་གྱིས་བོད་ལྗོངས་ཡུལ་སྐོར་མ་འཇོག་ཡུལ་སྐོར་ཞབས་ཞུ་ཚད་ཡོད་ཀུང་སི་དང་ཐུན་མོང་ཐོག་ཁྱབ་བསྒྲགས་བྱས་པའི《2025ལོའི་བོད་ཀྱི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་གི་ཡུལ་སྐོར་འཛད་སྤྱོད་སྙན་ཞུ》ལས་མངོན་པར། དཔྱིད་གསར་དུས་ཆེན་རིང་བོད་ཀྱི་དྲ་ཐོག་མངགས་ཐོའི་ཐབས་ལམ་བརྒྱུད་འགྲུལ་པ་ཕར་འགྲོ་ཚུར་འོང་བྱེད་ཚད་དུས་མཚུངས་ལས་27%ཙམ་འཕར་བ་དང་། ལྗོངས་ཡོངས་ཀྱི་ཡུལ་སྐོར་ཐོན་རྫས་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་23%ཙམ་འཕར་ཡོད།

    2025ལོའི་དཔྱིད་གསར་དུས་ཆེན་རིང་བོད་ཀྱི་འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་ཧ་ཅང་ཆེ་ཞིང་། རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་གྲངས་གཞི་ལས་མངོན་པར། ཟླ་1ཚེས་28ནས་ཟླ་2ཚེས་4ཉིན་བར། གཙོ་གནད་དུ་ལྟ་ཞིབ་ཚད་ལེན་བྱས་པའི་ཚོང་དོན་ཁེ་ལས་35ཡི་ཕྱིར་ཚོང་བསྡོམས་འབོར་རིམ་རྩིས་བརྒྱབ་ན་སྒོར་ཁྲི་3859.17ཟིན་པ་དེ་དུས་མཚུངས་ལས་7.79%འཕར་ཡོད། བཟའ་བཏུང་དང་། སིལ་ཚོང་། ཡུལ་སྐོར་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་འཛད་སྤྱོད་ཀྱི་དགོས་མཁོ་ཧ་ཅང་ཆེ་བ་དང་འཛད་སྤྱོད་ཀྱི་ཚ་རླབས་འཕྱུར་ཤུཌ་་ཆེ་རུ་རྒྱུན་མི་ཆད་པར་ཕྱིན་ཡོད།

    ལྷ་ས་གྲོང་ཁྱེར་དགའ་སྐྱིད་གླིང་ཐང་ཆེན་གྱི་འགྲེམས་ཚོང་ཁུལ་དུ་ནེ་པ་ལ་དང་། ཨུ་རུ་སུ། ཐེ་ལན་སོགས་རྒྱལ་ཁབ་དང་ས་ཁུལ་གྱི་ཁྱད་ལྡན་ཚོང་ཟོག་ཡོད་པ་མ་ཟད། བོད་རང་གི་སྲོལ་རྒྱུན་ལག་ཤེས་ཐོན་རྫས་དང་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱང་ཡོད། “ང་རང་དགའ་སྐྱིད་གླིང་ཐང་ཆེན་དུ་ནང་འདྲེན་བསིལ་ཟས་ཆེད་མངགས་ཉོ་བར་ཡོང་བ་ཡིན། དེའི་ཞོར་ལ་བོད་རྒྱན་ཆ་ཡང་ཉོ་འདོད་ཆེན་པོ་བྱུང”ཞེས་གྲོང་མི་པད་མ་བདེ་སྐྱིད་ཀྱིས་བཤད། འཛད་སྤྱོད་འཁྲུག་ཆ་དོད་པོ་བྱུང་བར་མི་འགྲུལ་དང་ཟོག་འགྲུལ་གྱི་འདེགས་སྐྱོར་ཆེན་པོ་དང་ཁ་འབྲལ་ཐབས་མེད། དཔྱིད་གསར་དུས་ཆེན་རིང་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་136197ཟིན་པ་དང་དངོས་ཟོག་དབོར་འདྲེན་བྱེད་ཚད་ཏུན་304.3ཟིན་ཡོད།

    “དཔྱིད་གསར་དུས་ཆེན་རིང་ཚོང་ཁང་ནང་རྟག་ཏུ་སྐུ་མགྲོན་གྱིས་ཁེངས་པ་དང་། ཕྱིར་ཚོང་བསྡོམས་བོར་དུས་རྒྱུན་ལས་ལྡབ་3ནས་4བར་འཕར་བ། སྐབས་འགར་ཉིན་གཅིག་གི་ཕྱིར་ཚོང་གྲངས་འབོར་སྒོར་ཁྲི་100ལྷག་ཙམ་ཟིན་པ་མ་ཟད། འཛད་སྤྱོད་པས་ལག་ཐོགས་ཁ་པར་རྩེ་གྲའི་རིགས་ཉོ་འདོད་ཆེན་པོ་བྱེད་ཀྱི་འདུག”ཅེས་ཧྭ་ཝུའེ་རིག་ནུས་འཚོ་བ་ཁང་གི་འགན་འཁུར་བ་ཞུས་ཁུན་གྱིས་བཤད།

    གྲོང་མིའི་ཡོང་འབབ་རྒྱུན་མཐུད་ནས་འཕར་བ་ལས་འཛད་སྤྱོད་རིམ་སྤོར་ལ་སྐུལ་ཁྲིད་ཐུབ་ཡོད་ཅེས་རིགས་གཅིག་མཁས་ཅན་གྱིས་དབྱེ་ཞིབ་བྱས་པ་རེད། 2024ལོར་བོད་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་31358ཟིན་པ་དེ་དུས་མཚུངས་ལས་8.2%འཕར་ཡོད། གྲོང་མིའི་འཛད་སྤྱོད་འདུ་ཤེས་རིམ་སྤོར་བྱུང་ལ་འཛད་སྤྱོད་ཁྱབ་ཁོངས་དེའང་སྤྲོ་གསེང་ཡུལ་སྐོར་དང་ལུས་རྩལ་ལུས་སྦྱོང་སོགས་ཀྱི་ཕྱོགས་སུ་རྒྱ་སྐྱེད་མུ་མཐུད་འགྲོ་བཞིན་ཡོད།

    དཔྱིད་གསར་དུས་ཆེན་བོད་དུ་གཏོང་བར་འགྲོ་འདོད་བྱེད་མཁན་ཡུལ་སྐོར་བ་ཇེ་མང་དུ་འགྲོ་བཞིན་ཡོད། བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གི་གྲངས་གཞི་ལས་མངོན་པར། དཔྱིད་གསར་དུས་ཆེན་རིང་བོད་ཀྱིས་རིམ་རྩིས་བརྒྱབ་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་238.12ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་16.56%འཕར་བ་དང་ཡུལ་སྐོར་གྱི་འགྲོ་སོང་བསྡོམས་འབོར་སྒོར་དུང་ཕྱུར་19.45ཟིན་པ་དེ་དུས་མཚུངས་ལས་13.68%འཕར་ཡོད། ཞེ་ཁྲེང་གི་གྲངས་གཞི་ལས་མངོན་པར། དཔྱིད་གསར་དུས་ཆེན་རིང་བོད་ལ་ཡུལ་སྐོར་དུ་སྐྱོད་མཁན་འགྲུལ་ཁུངས་གཙོ་བོ་ནི་ལྷ་ས་དང་། ཧྲང་ཧའེ། ཁྲེང་ཏུའུ། པེ་ཅིང་། ཀོང་ཀྲོའུ་བཅས་ནས་ཡིན་པ་རེད།

    (ཤིན་ཧྭ་གསར་འགྱུར་ཁང་དང་འདི་ག་ཚགས་པར་ཁང་ནས་སྤེལ་བའི་ཕྱོགས་བསྡུས་གནས་ཚུལ)

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།