ནག་ཆུ་གྲོང་ཁྱེར་གྱི་ནུས་རྒྱུ་གཙང་མའི་གློག་འདོན་འཕྲུལ་འཁོར་གྱི་གཞི་ཁྱོན་ཆན་ཝ་ཁྲི་100ལས་བརྒལ་བ།
ཉེ་ཆར་གསར་འགོད་པར་ནག་ཆུ་གྲོང་ཁྱེར་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱུང་བར། འབྲི་རུ་རྫོང་འབུལ་མཐོའི་ཀྲའོ་ཝ་100ཡི་འོད་ཤུགས་ནུས་གསོག་རྣམ་གྲངས་བསྐྲུན་པ་དང་བསྟུན་ནས། ནག་ཆུ་གྲོང་ཁྱེར་ལ་ལོ་རྒྱུས་རང་བཞིན་གྱི་དུས་སྐབས་འཆར་བ་སྟེ། ནུས་རྒྱུ་གཙང་མའི་གློག་འདོན་འཕྲུལ་འཁོར་ལས་གློག་གཏོང་ཚད་ཆན་ཝ་ཁྲི་100ལས་བརྒལ་ནས་ཆན་ཝ་ཁྲི་114.68ཟིན་ཡོད། ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དེ་ཐོག་ནས་ནུས་རྒྱུ་གཙང་མའི་ཁྱབ་ཁོངས་སུ་ནག་ཆུ་གྲོང་ཁྱེར་ལ་ཚད་བརྒལ་ཆེན་པོ་བྱུང་བ་དང་། བོད་ལྗོངས་དང་ཐ་ན་རྒྱལ་ཡོངས་ཀྱི་ནུས་རྒྱུ་གཙང་མའི་མཐོ་ས་སྐྲུན་པའི་ཁྲོད་བསུབ་ཐབས་མེད་པའི་བྱས་རྗེས་ཆེན་པོ་བཞག་པ་མཚོན་ཡོད།
ད་ཐེངས་ནག་ཆུ་གྲོང་ཁྱེར་གྱི་ནུས་རྒྱུ་གཙང་མའི་གློག་འདོན་འཕྲུལ་འཁོར་གྱི་གཞི་ཁྱོན་ཆེ་རུ་ཕྱིན་པ་ནི་ནག་ཆུ་གྲོང་ཁྱེར་གྱི་ནུས་རྒྱུ་གཙང་མའི་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པའི་བསྡུས་རིས་ཤིག་ཡིན་ཞིང་། ནུས་རྒྱུ་གཙང་མའི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་100ལས་བརྒལ་བ་དེས་ནག་ཆུ་གྲོང་ཁྱེར་གྱི་གློག་ཤུགས་མཁོ་སྤྲོད་བྱེད་ནུས་ཆེ་རུ་ཕྱིན་པ་མ་ཟད། ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་ནུས་རྒྱུའི་འགན་ལེན་བརྟན་པོ་བྱས་ཏེ། རང་ལྗོངས་ཀྱི་ནུས་རྒྱུའི་གྲུབ་ཆ་ལེགས་སུ་གཏོང་བར་སྒུལ་ཤུགས་ཆེན་པོ་བསྣན་ཡོད། དེ་དང་ཆབས་ཅིག་ནག་ཆུ་གྲོང་ཁྱེར་གྱི་ནུས་རྒྱུའི་མཁོ་སྤྲོད་གྲུབ་ཆ་དེ་བས་ལྗང་མདོག་དང་གཙང་དུ་ཕྱིན་ནས་མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱེད་པར་དོན་སྙིང་གཏིང་ཟབ་ལྡན་པའང་མཚོན་ཡོད་པ་རེད།