དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • ནུས་རྒྱུ་གཙང་མས་ས་མཐོའི་དགུན་ཁར་དྲོ་སྐྱིད་སྦྱིན་པ།

    རང་ལྗོངས་ཀྱིས་དྲོད་གཏོང་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་མུ་མཐུད་བཏང་ནས་མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་ལེགས་སུ་གཏོང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-03

    བོད་དུ་དགུན་དུས་གནམ་གཤིས་གྲང་ངར་ཆེ་བས་དྲོད་གཏོང་བ་ནི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་དགོས་མཁོ་ཡིན། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་ལ་དམིགས་ནས་བབ་བསྟུན་སྣེ་ཁྲིད་དང་གོ་སྐབས་དམ་འཛིན་བྱས་ཏེ། ས་བབ་མཐོ་ཁུལ་གྱི་དྲོད་གཏོང་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་རྒྱུན་ཆད་མེད་པར་བཏང་བས་ལས་བྱེད་མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་ཧ་ཅང་ལེགས་སུ་ཕྱིན་ཡོད་པ་རེད།

    བབ་བསྟུན་སྣེ་ཁྲིད། ནུས་རྒྱུ་གཙང་མར་བརྟེན་ནས་གྲོང་མིའི་འཚོ་བར་སྔར་བས་དྲོ་སྐྱིད་སྦྱིན་པ།

    བོད་དུ་ས་བབ་མཐོ་བས་ཉི་ནུས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། དེར་བརྟེན་འོད་ཤུགས་དང་འོད་དྲོད་སྤྱད་དེ་གློག་འདོན་དྲོད་གཏོང་ཐད་ལེགས་ཆ་ཅུང་ཆེན་པོ་ལྡན་ཡོད། 2023ལོ་ཚུན་དུ། རྒྱལ་ཁབ་བོད་སྐྱོར་རྣམ་གྲངས་ཀྱི་རྒྱབ་སྐྱོར་འོག སྙན་རོང་རྫོང་ཉི་མ་ཤང་གིས་དུག་ལུང་གྲོང་ཚོའི་འབྲོག་དུད་ཀྱི་ཁང་སྟེང་དུ་འོད་ཤུགས་པང་ལེབ་བཙུགས་ནས་གློག་འདོན་དྲོད་གཏོང་བྱས་ཏེ“ཐཱན་གཅིག་ཀྱང་མེད་པའི”མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་འོད་ཤུགས་དྲོད་གཏོང་ཚོད་ལྟའི་རྣམ་གྲངས་ལག་ལེན་བསྟར་བ་རེད།

    ཉི་མ་ཤང་དུག་ལུང་གྲོང་ཚོའི་ཡུལ་མི་ཚོའི་འཚོ་བའི་འགྱུར་ལྡོག་ནི་དཔེ་མཚོན་རྐྱང་པ་ཞིག་མིན།

    ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་གིས་ཤུར་གཟུགས་ཉི་ནུས་ཚ་སྡུད་དང་། མཚན་འགྱུར་ཚ་གསོག གློག་གི་ཁྲོ་ཐབ་ཀྱི་རམ་འདེགས་བཅས་ཟུང་དུ་འབྲེལ་བའི་བྱ་ཐབས་སྤྱད་དེ་སྨི་ངོས་གྲུ་ཁྲི་1.8ཙམ་གྱི་ཉི་ནུས་ཚ་སྡུད་པང་ལེབ་ལ་བརྟེན་ནས་དྲོད་གཏོང་མདོང་མོའི་ནང་གི་ཆུ་ཚ་པོ་བཟོས་ཏེ། མང་ཚོགས་དྲོ་སྐྱིད་ལྡན་པའི་ངང་དགུན་ཁ་སྐྱེལ་ཐུབ་པར་འགན་ལེན་བྱས་པ་མ་ཟད། ད་དུང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཀྱང་ཉུང་དུ་བཏང་ཡོད་པ་རེད།

    ཚོད་ལྟ་ཧུར་ཐག གཅིག་སྡུད་དྲོད་གཏོང་རྣམ་གྲངས་ལ་སྐུལ་འདེད་བརྟན་པོ་བཏང་བ།

    སྔོན་ཆད། མངའ་རིས་ས་ཁུལ་མཚོ་ཆེན་རྫོང་གི་ཡུལ་མི་ཚོས་དགུན་ཁར་ལྕི་བ་དང་རིལ་མ་དང་དེ་བཞིན་རྡོ་སོལ་དང་དབུགས་རིལ་ནང་བླུགས་པའི་སོལ་རླངས་སོགས་ལ་བརྟེན་ནས་དྲོད་ལེན་གྱི་ཡོད། རྗེས་སུ་སྐྱེ་ལྡན་དངོས་པོའི་ཆུ་སྲོ་ཁྲོ་ཐབ་ཀྱི་གཅིག་སྡུད་དྲོད་གཏོང་མ་ལག་སྤྱད་པ་རེད། ཡིན་ན་ཡང་དྲོད་གཏོང་མ་ལག་དེ་རིགས་ནུས་རྒྱུ་ཟད་གྲོན་ཆེ་བ་དང་། འཁོར་སྐྱོད་སྤུས་ཚད་ཞན་པ། འཁོར་སྐྱོད་འགྲོ་གྲོན་ཆེ་བ་བཅས་མ་ཟད། ད་དུང་ཉིན་བཞིན་ཆེ་རུ་འགྲོ་བའི་གྲོང་མིའི་དྲོད་གཏོང་གི་དགོས་མཁོ་ཡང་སྐོང་ཐུབ་ཀྱི་མེད་པ་རེད།

    བོད་ལྗོངས་ཉི་ཤར་ཤར་ཕྱོགས་ཨ་ཁང་ནུས་རྒྱུ་གཙང་མ་ཚད་ཡོད་ཀུང་སིས་ཟླ་བ་ལྔའི་རིང་དུས་ཚོད་དམ་འཛིན་གྱིས་འཛུགས་སྐྲུན་བྱས་པ་བརྒྱུད། བོད་ཀྱི་ནུས་རྒྱུ་གཙང་མའི་གཅིག་སྡུད་དྲོད་གཏོང་དམིགས་བསལ་ཆོག་ཁྲོལ་གཉེར་སྐྱོང་ཚོད་ལྟའི་རྣམ་གྲངས་དང་པོ་སྟེ། མངའ་རིས་ས་ཁུལ་མཚོ་ཆེན་རྫོང་གི་དམིགས་བསལ་ཆོག་ཁྲོལ་གཉེར་སྐྱོང་ཚོད་ལྟའི་རྣམ་གྲངས་ལེགས་གྲུབ་བྱུང་ནས་2024ལོའི་ཟླ་10ཚེས་1ཉིན་དངོས་སུ་དྲོད་གཏོང་ཐུབ་པས། མཚོ་ཆེན་རྫོང་གི་མང་ཚོགས་ཀྱི་ཁྱིམ་དུ་དེ་མ་ཉིད་དྲོ་སོབ་སོབ་ཆགས་ཡོད་པ་རེད།

    2024ལོར། བོད་ཀྱིས་མ་དངུལ་སྒོར་དུང་ཕྱུར་37.75བཏང་ནས་མངའ་རིས་ས་ཁུལ་མཚོ་ཆེན་རྫོང་དང་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་སོགས་ཚོད་ལྟའི་རྫོང(ཆུས)7དུ་ནུས་རྒྱུ་གཙང་མའི་གཅིག་སྡུད་དྲོད་གཏོང་དམིགས་བསལ་ཆོག་ཁྲོལ་གཉེར་སྐྱོང་ཚོད་ལྟ་བྱས་པ་རེད། མིག་སྔར་ཚོད་ལྟའི་རྫོང(ཆུས)7ལ་འཆར་གཞི་ལྟར་སྐུལ་འདེད་བརྟན་པོ་གཏོང་བཞིན་ཡོད་པ་རེད།

    གོ་སྐབས་དམ་འཛིན། ཐབས་ཤེས་སྣ་ཚོགས་སྤྱད་དེ་མ་དངུལ་གྲབས་གསོག་གིས་དྲོད་གཏོང་འགན་ལེན་བྱས་པ།

    དྲོད་གཏོང་རྒྱུ་དེ་མི་དམངས་མང་ཚོགས་ཀྱི་འཚོ་བ་དང་ཐད་ཀར་འབྲེལ་བ་ཡོད་ཅིང་། དེས་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་ལེན་ཐུབ་པ་མ་ཟད། མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་དང་སྐྱིད་སྣང་ཆེ་རུ་གཏོང་ཐུབ།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་སྲིད་ཇུས་དང་མ་དངུལ་གཏོང་ཕྱོགས་ལ་ནན་པོར་གཞིགས་ཏེ། ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་དངུལ་དང་སྲིད་ཇུས་བུན་ལོར་སོགས་སྲིད་ཇུས་མ་དངུལ་གྱི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱས་ནས། དམིགས་བསལ་ཆོག་ཁྲོལ་གཉེར་སྐྱོང་བྱེད་ཐབས་དང་ཟུང་འབྲེལ་གྱིས་སྤྱི་ཚོགས་ཀྱི་མ་རྩ་སྐུལ་སློང་བྱས་ཏེ་སྣ་མང་ཅན་གྱི་མ་འཇོག་ཐབས་ཇུས་སྤྱད་པ་རེད། དེ་དང་ཆབས་ཅིག ཆེད་སྤྱོད་མ་དངུལ་བཀོད་སྒྲིག་བྱས་ནས་སྨི་5000ཡན་གྱི་ས་བབ་མཐོ་བའི་ས་ཁུལ་གྱི་དྲོད་གཏོང་གནད་དོན་སྔོན་ལ་ཐག་གཅོད་བྱེད་དགོས་པའི་བླང་བྱ་ཁ་གསལ་བཏོན་པ་རེད།

    ལྕགས་ཐབ་གཏོང་བ་ནས་གློག་གི་དྲོད་ལེན་ཡོ་བྱད་སྤྱོད་པ་དང་དེ་ནས་ནུས་རྒྱུ་གཙང་མས་གཅིག་སྡུད་དྲོད་གཏོང་བའི་བར། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་དྲོད་ལེན་ཐབས་ལ་འཕེལ་རྒྱས་ཆེན་པོ་བྱུང་ནས། མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཡོད།

    རླུང་བརྟེན་རླབས་གཤགས་ཀྱིས། དེང་འདིར་འབད་འབུངས་བྱེད། རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གི་འབྲེལ་ཡོད་འགན་འཁུར་བས། ཚོད་ལྟའི་ཉམས་མྱོང་ལ་མུ་མཐུད་ཕྱོགས་སྡོམ་བྱས་ནས་ལད་མོ་དང་ཁྱབ་གདལ་རུང་བའི་རྣམ་གྲངས་ལག་བསྟར་བྱེད་ཐབས་དང་སྲིད་ཇུས་མ་ལག་འཛུགས་པ་དང་། ལྗོངས་ཡོངས་ལ་ཁྱབ་པའི་དྲོད་གཏོང་ལག་བསྟར་ཇུས་གཞི་བཟོ་བ། ལྗོངས་ཡོངས་ཀྱི་དྲོད་གཏོང་ལས་དོན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་བཅས་བྱས་ནས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་མང་ཚོགས་ལ་གནང་བའི་ཐུགས་ཁུར་དང་བྱམས་སྐྱོང་དོན་ཐོག་ཏུ་ཏན་ཏིག་འཁྱོལ་བར་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།