ལྷོ་ཁ་གྲོང་ཁྱེར་གྱིས་ནགས་ཚལ་མེ་ཟོན་གྱི་བདེ་འཇགས་དྲ་བ་ཧུར་ཐག་བསྐྲུན་པ།
ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས“སྔོན་འགོག”སྔོན་དུ་འཇོག་པ་དང་སྔོན་འགོག་དང་མྱུར་སྐྱོབ་ཟུང་འབྲེལ་བྱས་ཏེ་འཕྲལ་སྡོམ་དང་། ནགས་ལས། སྤྱི་བདེ་སོགས་མཐུན་སྦྱོར་མཉམ་འགུལ་གྱི་ལས་ཀའི་མ་ལག་ཆགས་པ་དང་། ཐབས་མང་མཉམ་སྤྱོད་ཀྱིས་ནགས་ཚལ་མེ་སྐྱོན་ཕྱོགས་བསྡུས་འགོག་བཅོས་ནུས་པ་མུ་མཐུད་བརྟན་དུ་བཏང་ཞིང་། མིག་སྔའི་བར་ལྷོ་ཁ་གྲོང་ཁྱེར་དུ་ལོ་9བསྟུད་མར་ནགས་ཚལ་མེ་སྐྱོན་ཐོན་མེད།
ལྷོ་ཁ་གྲོང་ཁྱེར་ནགས་ཚལ་རྩྭ་ཐང་ཅུས་ཀྱིས་བྱ་སྤྱོད་ཧུར་ཐག་སྤེལ་ནས་རིམ་ཁག་ཚན་པ་ཁག་དང་ནགས་ཚལ་མེ་ཟོན་གྱི་འགན་འཁྲིའི་ཡི་གེ་བཞག་ནས་འགན་འཁུར་བ་དང་ས་ཆར་དོན་འཁྱོལ་བྱས་ཏེ་འགན་འཁྲི་ཁ་གསལ་ཡོང་བའི་འགན་ལེན་བྱས་ཡོད། དྲ་མིག་བཟོ་བ་དང་འགན་འཁྲི་ཞིབ་ཚགས་སུ་བཏང་བ་བརྒྱུད་ནགས་ཚལ་མེ་ཟོན་ལས་དོན་ལ་ཁུག་ཆ་མ་ལུས་པའི་འགན་ལེན་བྱས་པ་མ་ཟད། ཤང་དང་གྲོང་རྡལ(ཁྲོམ་གཞུང)རིམ་པའི་ནགས་དཔོན་གྱིས་གྲོང་ཚོ(ཚོགས་ཆུང)འགན་གཙང་ལེན་པ་དང་། གྲོང་ཚོ(སྡེ་ཁུལ)རིམ་པའི་ནགས་དཔོན་གྱིས་ཚོགས་ཆུང་འགན་གཙང་ལེན་པ། དེ་བཞིན་དྲ་མིག་ནགས་སྲུང་བས་རི་བོ་དང་ས་ཚིགས་འགན་གཙང་ལེན་པ་བཅས་བྱས་ནས་སྔོན་འགོག་དང་ཚོད་འཛིན་གྱི་འགན་འཁྲི་ཡོངས་སུ་ཁྱབ་ཐུབ་པ་བྱས་ཡོད།
གསར་འགོད་པས་ཤེས་རྟོགས་བྱས་པར། ལྷོ་ཁ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་དུས་བཀག་ལྟར་དངོས་འཐབ་ནང་སྦྱོང་བྱས་པ་བརྒྱུད། ལས་དོན་པའི་ནགས་ཚལ་མེ་ཟོན་ལས་སྒོའི་འཇོན་ཐང་ཆེ་རུ་དང་རྩ་འཛུགས་ཀྱི་བཀོད་འདོམས་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2024ལོ་ནས་བཟུང་ལྷོ་ཁ་གྲོང་ཁྱེར་ནགས་ལས་རྩྭ་ཐང་ཅུས་ཀྱིས་རིམ་ཁག་མེ་ཟོན་མེ་གསོད་ལས་དོན་པར་གསོ་སྦྱོང་ཐེངས་12བྱས་པར་མི་ཐེངས་1200ལྷག་ཙམ་མེ་ཟོན་མེ་གསོད་ཀྱི་གསོ་སྦྱོང་ནང་ཞུགས་པ་དང་། ནང་སྦྱོང་ཐེངས་8བྱས་པ་དང་ནང་སྦྱོང་ནང་ཞུགས་མཁན་མི་གྲངས་3000ལྷག་ཙམ་ཟིན་ཡོད་པ་རེད།
བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་རྫོང(ས་ཁུལ་དང་གྲོང་ཁྱེར)ཁག་གི་ནགས་ལས་རྩྭ་ཐང་ཅུས་ཀྱིས་རིགས་གཅིག་མཁས་ཅན་གདན་དྲངས་ནས་སློབ་ཁྲིད་བྱེད་པ་དང་ས་གནས་ས་ཐོག་ཏུ་ནང་སྦྱོང་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད། འབྲེལ་ཡོད་མི་སྣར་ནགས་ཚལ་མེ་སྐྱོན་གྱི་འབྱུང་རྐྱེན་དང་གནོད་འཚེ་དང་། ནགས་ཚལ་མེ་ཟོན་གྱི་ཁྲིམས་སྲོལ་སྲིད་ཇུས། མེ་སྐྱོན་སྔོན་འགོག་དང་ལྟ་ཞིབ་ཚད་ལེན། མེ་གསོད་རྩལ་ནུས། བདེ་འཇགས་འགོག་སྲུང་སོགས་ལ་བརྒྱུད་རིམ་ལྡན་པའི་རྩལ་ནུས་གསོ་སྦྱོང་བྱས་པ་མ་ཟད། ད་དུང་ས་གནས་དེ་གའི་མང་ཚོགས་དང་། ནགས་སྲུང་བ། དང་བླངས་པ་བཅས་ཀྱི་ཁྲོད་ནས་འཚམ་པའི་མི་སྣ་བདམས་ཏེ་སྦྱོང་བརྡར་ནན་པོ་བྱས་རྗེས་ཕྱེད་ཆེད་ལས་ཅན་གྱི་མེ་ཟོན་དཔུང་ཁག་བཙུགས་ནས་ཚན་རིག་དང་མཐུན་པའི་དོ་དམ་ལམ་ལུགས་ལ་བརྟེན་ནས་དཔུང་ཁག་གི་བརྟན་ལྷིང་རང་བཞིན་དང་ཆེད་ལས་རང་བཞིན་འགན་ལེན་བྱས་པ་དང་། མ་དངུལ་གྲབས་གསོག་ཧུར་ཐག་བྱས་ནས་མེ་ཟོན་སྒྲིག་ཆས་དང་དངོས་ཟོག་ཉོས་ཏེ་ནགས་ཚལ་མེ་ཟོན་ལས་དོན་ལ་དངོས་པོའི་འགན་ལེན་ཧུར་ཐག་བྱས་ཡོད།