དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • ཀྲུང་གོའི་ཚན་རིག་མཁས་ཅན་གྱིས་འཁྱགས་སའི་སྟེང་གི“མཁའ་ལམ”སྲུང་སྐྱོང་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2025-01-26

    མཚོ་བོད་ས་མཐོ་ནི་གོ་ལ་ཧྲིལ་པོའི་ས་བབ་མཐོ་སར་ལོ་མང་རིང་འཁྱགས་ས་གཅིག་སྡུད་ཁྱབ་པའི་ས་ཆ་ཞིག་རེད། འཛམ་གླིང་དུ་ས་བབ་མཐོ་ཤོས་ཀྱི་གཞུང་ལམ་གྲས་ཡིན་པའི་མཚོ་བོད་གཞུང་ལམ་གྱི་ལོ་མང་གི་འཁྱགས་སའི་དུམ་བུ་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཡན་དུ་ཁྱབ་ཅིང་། ལས་གྲྭའི་ལག་རྩལ་པས་འཛམ་གླིང་རང་བཞིན་གྱི་དཀའ་གནད་ཅིག་སྟེ་གཞུང་ལམ་ལ་ཐེབས་པའི་འཁྱགས་པའི་ཤུགས་རྐྱེན་ལ་ཁ་གཏད་གཅོག་དགོས་པ་དེ་རེད།

    གསར་འགོད་པ་ཉིན་ཤས་གོང་ལྷ་ས་ནས་རྡོག་ཐོན་ཏེ་མཚོ་བོད་གཞུང་ལམ་བརྒྱུད་མཚོ་སྔོན་གོར་མོ་གྲོང་ཁྱེར་དུ་སླེབས་ཤིང་། ལམ་བར་གྱི་ཐད་ཀའི་མྱོང་ཚོར་ནི་ལམ་དུམ་ཁ་ཤས་སུ་འབར་འབུར་མི་སྙོམས་པས་རླངས་འཁོར་གཏོང་དུས་རྦ་རླབས་ཁྲོད་སྐྱོད་པའི་གྲུ་གཟིངས་དང་མཚུངས།

    མཚོ་བོད་གཞུང་ལམ་ནི་བོད་ལ་མི་དང་དངོས་ཟོག་སྐྱེལ་འདྲེན་བྱེད་སའི་བགྲོད་ལམ་གཙོ་བོའི་གྲས་ཡིན་ཞིང་། 1954ལོར་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དང་ད་བར་ལོ་ངོ་70སོང་ཡོད།

    ཀྲུང་གོའི་ཚན་རིག་མཁས་ཅན་གྱིས་འཁྱགས་སར་ཞིབ་འཇུག་ལོ་མང་བྱས་པ་དང་། ཁོང་ཚོས་ས་མཐོར་ལྟ་ཞིབ་ས་ཚིགས་བཙུགས་ནས་ཡུན་རིང་གི་འཁྱགས་སའི་བང་རིམ་གྱི་འགྱུར་ལྡོག་སྐོར་གྱི་གྲངས་གཞི་འབོར་ཆེན་བསྡུ་རུབ་བྱས་ཤིང་། གྲངས་གཞི་དེ་དག་ལས་མངོན་པ་ལྟར་ན། འདས་ཟིན་པའི་ལོ་བཅུ་ཕྲག་ཁ་ཤས་ནང་། མཚོ་བོད་ས་མཐོའི་ཡུན་རིང་གི་འཁྱགས་སའི་བང་རིམ་གྱི་དྲོད་ཚད་རིམ་བཞིན་ཇེ་མཐོར་སོང་ནས་ཞུ་ཚད་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་པ་རེད།

    ཀྲུང་གོ་འགྲིམ་འགྲུལ་གཞུང་ལམ་དང་པོའི་རྩད་ཞིབ་ཇུས་འགོད་ཞིབ་འཇུག་ཁང་ཚད་ཡོད་ཀུང་སིའི་གོར་མོ་ལྟ་ཞིབ་ཚད་ལེན་ཞིབ་འཇུག་རྟེན་གཞིའི་ཚན་རིག་ཞིབ་འཇུག་མི་སྣས་ས་མཐོའི་འཁྱགས་སའི་ཞིབ་འཇུག་གི་ལས་ཀར་དུས་ཡུན་རིང་པོ་གཞོལ་བ་རེད།

    རྟེན་གཞིའི་ཀྲུའུ་རེན་ཁྲེན་ཏུང་ཀེན་གྱིས“དགུན་དུས་འཁྱགས་ས་ནི་ཆུ་ལ་འཁྱགས་པ་ཐེབས་པ་དང་འདྲ་བར་དྲོད་ཚད་དམའ་རུ་ཕྱིན་པ་དང་བསྟུན་ནས་གཞུང་ལམ་གྱི་ལམ་ངོས་འབར་འབུར་དུ་འགྱུར་གྱི་ཡོད། དབྱར་ཁ་ཤར་སྐབས་འཁྱགས་ས་ནི་འཁྱག་རོམ་བཞུར་བ་དང་འདྲ་བར་ཇེ་ཆུང་དུ་འགྲོ་བ་དང་གཞུང་ལམ་གྱི་ལམ་ངོས་ཀྱང་དེ་བསྟུན་གྱིས་བརྡིབས་ནས་ཀོང་ཀོང་ཆགས་ཀྱི་ཡོད”ཅེས་བཤད།

    རྐྱེན་དེའི་དབང་གིས་མཚོ་བོད་གཞུང་ལམ་དེ་ཉིད་འཛམ་གླིང་གི་གཏོར་སྐྱོན་ཕོག་མང་བའི་གཞུང་ལམ་གྱི་གྲས་སུ་གྱུར་པ་དང་། ལམ་ངོས་ཀོང་ཀོང་ཆགས་པ་ལས་རླངས་འཁོར་གྱི་འགྲུལ་བཞུད་བདེ་འཇགས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱི་ཡོད།

    ལོ་70ཡི་རིང་། ཀྲུང་གོ་སྲིད་གཞུང་གིས་མ་དངུལ་འབོར་ཆེན་བཏང་ནས་མཚོ་བོད་གཞུང་ལམ་ལ་ཉམས་བཟོ་དང་བསྐྱར་སྐྲུན་ཐེངས་མང་བྱས་པར། མཚོ་བོད་གཞུང་ལམ་དེ་ཉིད་དེ་སྔའི་རྡོ་གསེག་ལམ་ནས་ད་ལྟའི་སྣུམ་ནག་ལམ་དུ་གྱུར་ཡོད།

    གསར་འགོད་པས་ལམ་རྒྱུད་དུ་ལམ་དུམ་ཁག་གཅིག་གི་གཞོགས་གཉིས་སུ་ལྕགས་མདུང་ལྟ་བུ་རེ་རེ་བསླངས་ཡོད་པ་མཐོང་ཞིང་། དེ་ནི་འཁྱགས་སའི་བང་རིམ་གྱི་ལམ་ངོས་མ་བརྡིབས་པ་བྱ་ཆེད་བཙུགས་པ་ཞིག་རེད། ཁྲེན་ཏུང་ཀེན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། དེའི་མིང་ལ་ཚ་དབྱུག་ཟེར་ཞིང་། དེ་ནི་ལྗིད་ཤུགས་དང་གཤེར་རླངས་ཕན་ཚུན་བརྗེ་སྒྱུར་བྱེད་པའི་རྩ་བའི་རིགས་པ་སྤྱད་དེ་ལམ་རྨང་གི་དྲོད་ཚད་དམའ་རུ་གཏོང་བའི་སྒྲིག་ཆས་ཤིག་དང་། འཁྱགས་སའི་བང་རིམ་གྱི་དྲོད་ཚད་བརྟན་པོ་རྒྱུན་འཁྱོངས་ཐུབ་པ་བྱེད་པའི་ཚ་འདྲེན་སྦུ་གུ་ཞིག་ཀྱང་རེད།

    གཞན་ཡང་། ཚན་རིག་མཁས་ཅན་གྱིས་ད་དུང་འཁྱཌ་སའི་བང་རིམ་ཐོག“དྲོད་འགོག་པང་ལེབ”བསྒར་རྒྱུ་བསམ་བློ་འཁོར་ཞིང་། དེ་ནི་དམིགས་བསལ་གྱི་རྒྱུ་ཆ་སྤྱད་ནས་བཟོས་པའི་དྲོད་སྲུང་པང་ལེབ“XPSཔང་ལེབ”རེད། དེས་དབྱར་དུས་ཀྱི་དྲོད་ཚད་ས་འོག་བརྒྱུད་གཏོང་བྱེད་པར་བཀག་འགོག་བྱེད་ཐུབ།

    དེ་ནི་མཐོང་ཐུབ་པའི་སྒྲིག་ཆས་སྤྱོད་པའི་བྱེད་ཐབས་ཤིག་ཡིན་ཞིང་། ད་དུང་མཐོང་མི་ཐུབ་པའི་བྱེད་ཐབས་ཀྱང་ཡོད་པ་དང་དེ་དག་ནི་ས་འོག་ཏུ་སྦས་ཡོད། རླུང་རྒྱུག་སྦུ་གུའི་ལམ་རྨང་ནི་ལམ་རྨང་གི་འོག་ཏུ་འཕྲེད་ཕྱོགས་སུ་སྦས་པའི་ཨར་འདམ་ལྕགས་རྩིབས་ཀྱི་རླུང་རྒྱུག་སྦུ་གུ་ཞིག་ཡིན། རླུང་རྒྱུག་སྦུ་གུའི་ནང་གི་མཁའ་རླུང་གི་འཁོར་རྒྱུག་བརྒྱུད། མཐའ་འཁོར་གྱི་ལམ་རྨང་གི་ས་གཟུགས་ནང་གི་ཚ་ཚད་ཁུར་ནས་ལམ་རྨང་གི་དྲོད་ཚད་དམའ་པོ་རྒྱུན་འཁྱོངས་ཡག་པོ་བྱེད་ཐུབ། བྱེད་ཐབས་དེས་འཁྱགས་ས་བཞུར་ཚད་ཇེ་ཆུང་དུ་བཏང་སྟེ་ལམ་རྨང་བརྟན་པོ་ཡོང་བཞིན་ཡོད།

    མཚོ་བོད་གཞུང་ལམ་བྱ་གཞག་འཕེལ་རྒྱས་དང་འཕྲལ་སྡོམ་འགན་སྲུང་ལྟེ་གནས་ཏང་ཨུད་ཀྱི་ཧྲུའུ་ཅི་ཀའོ་ཡུང་ལི་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ལས་གྲྭའི་ལག་རྩལ་པ་མི་ཉུང་བ་ཞིག་གིས་མི་ཚེ་ཧྲིལ་པོར་གཞུང་ལམ་འདི་དང་འབྲེལ་བའི་ལས་ཀ་ཁོ་ན་བྱས་ཡོད། ཆར་པ་དང་། ཁ་བ། ཆབ་རོམ་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་ན། “ཆུ”དང་འཐབ་རྩོད་བྱས་ནས་དེའི་ཐད་ཀྱི་ལས་ཀ་ཡག་པོ་སྒྲུབ་དགོས། འཁྱགས་སའི་བང་རིམ་ལ་འཁྲུག་འགུལ་ཇི་ལྟར་ཆུང་ན་ལམ་རྨང་བརྟན་པོ་ཡོང་བར་དེ་བས་ཕན་པ་ཡོད་པ་རེད།

    སྤྱིར་ན་ཚན་རིག་མཁས་ཅན་གྱིས་འཁྱགས་སར་ཞིབ་འཇུག་བྱེད་ཚད་སྔར་བས་གཏིང་ཟབ་ཏུ་འགྲོ་བཞིན་ཡོད་མོད། འོན་ཀྱང་། ཁོང་ཚོར་ད་དུང་ཡུན་རིང་གི་ཚ་འགྱུར་གྱི་འགྲན་སློང་ཞིག་འཕྲད་པ་ནི་གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་འགྲོ་བ་དེ་རེད། “དྲོད་ཚད་མཐོ་རུ་ཕྱིན་པ་དང་བསྟུན་ནས། ས་ཆ་སོ་སོའི་འཁྱགས་ས་བཞུར་ཚད་མི་འདྲ་སྟབས། ང་ཚོས་ཡུལ་བབ་དང་བསྟུན་ནས་ཞིབ་ཚགས་ཅན་གྱི་དབྱེ་ཞིབ་རྒྱུན་མཐུད་བྱེད་དགོས་ཀྱི་ཡོད”ཅེས་ཁྲེན་ཏུང་ཀེན་གྱིས་བརྗོད།

    (ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།