དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • ལྷོ་ཁ་གྲོང་ཁྱེར་གྱིས་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱུགས་ལན་ཕུལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-06

    ཉིན་ཤས་གོང་གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ན་ནིང་ལྷོ་ཁ་གྲོང་ཁྱེར་གྱི་རིག་གནས་ཐོན་ལས་ཀྱི་གྲངས་འབོར་དང་སྤུས་ཚད་གཉིས་ཀ་འཕར་བ་དང་དབྱར་མཚོ་རྒྱས་པ་ལྟར་གྱི་འཕེལ་ཕྱོགས་མངོན་ནས“རྒྱལ་ཡོངས་ཀྱི་སྤྲོ་གསེང་ཡུལ་སྐོར་དམིགས་སའི”མཚན་སྙན་ཐོབ་ཡོད། ན་ནིང་ཟླ་དང་པོ་ནས་11པའི་བར་ལྷོ་ཁ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་728.6ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་བསྡོམས་སྒོར་དུང་ཕྱུར་27.19བྱུང་བ་དེ་དུས་མཚུངས་ལས་20%དང་15.6%འཕར་ཞིང་། འཕར་ཚད་གཉིས་ཀ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། གྲོང་ཁྱེར་ཡོངས་ཀྱི་རིག་གནས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྔོན་དཔག་ལྟར་ན་སྒོར་དུང་ཕྱུར་13ཡན་ཟིན་རྒྱུ་ཡིན་པ་དེ་2023ལོའི་དུས་མཚུངས་ལས་30%འཕར་ཡོད་པ་རེད།

    ལྷོ་ཁ་གྲོང་ཁྱེར་གྱིས“རིག་གནས་ཡུལ་སྐོར་དང་མཐའ་དར་དམངས་ཕྱུག་ཟུང་འབྲེལ”ལ་བརྟེན་ནས་སྣ་དཀར་རྩེའི་ས་མཐོའི་གཡུ་མཚོར་ལྟ་བའི་ཡུལ་སྐོར་དང་། ལྷོ་བྲག་དང་མཚོ་སྣའི་སྐྱེ་ཁམས་དམངས་སྲོལ་ཉམས་ལེན་ཡུལ་སྐོར། ལྷུན་རྩེའི་གསར་བརྗེའི་ཡུལ་སྐོར་བཅས་ཀྱིས་གཙོས་པའི་ཡུལ་སྐོར་ཐོན་ལས་འཁོར་འབྲེལ་ཆགས་རྒྱུར་སྐུལ་ཁྲིད་བྱས་ཡོད། ཉེ་བའི་ལོ་ཤས་རིང་ལམ་ཐིག་དེར་ཡུལ་སྐོར་བྱེད་མཁན་རྒྱུན་མཐུད་མང་དུ་ཕྱིན་པ་དང་། ཡུལ་སྐོར་བའི་གྲངས་འབོར་དང་ཡོང་འབབ་ལོ་རེ་བཞིན་འཕར་ནས་ལྷོ་ཁ་གྲོང་ཁྱེར་གྱི་ཡུལ་སྐོར་ལས་རིགས་ཀྱི་འཕར་སྣེ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།

    ལྷོ་ཁ་གྲོང་ཁྱེར་གྱིས“རིག་གནས་ཡུལ་སྐོར་དང་མི་རིགས་མཐུན་སྒྲིལ་ཟུང་འབྲེལ”ལ་བརྟེན་ནས་མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ཡོད། ཡར་ཀླུང་རིག་གནས་དུས་ཆེན་དང་། “ཡར་འབྲོག་གཡུ་མཚོའི་རྒྱལ་སྤྱིའི་རྐང་འཁོར་ཡོངས་བསྒྲགས་འགྲན་བསྡུར” “དམངས་གཞས་ཀྱི་མཛད་སྒོ་གཟབ་རྒྱས”སོགས་ཀྱི་བྱེད་སྒོ་སྤེལ་ནས་ས་གནས་ཁག་གི་ཡུལ་སྐོར་བ་ལྷོ་ཁར་ཡོང་རྒྱུའི་ཡིད་དབང་བཀུག་ཡོད། སྣེ་གདོང་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་སོགས་གྲོང་གསེབ་ཡུལ་སྐོར་གྱི་དཔེ་སྟོན་བདེ་བླག་བཏོད་པ་དང་། མིག་སྔར་གྲོང་གསེབ་ཀྱི་རིག་གནས་ཡུལ་སྐོར་གྱི་ཡུལ་སྐོར་བ་མི་ཐེངས་ཁྲི་32.72ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་ཁྲི་3762.8བྱུང་བ་དང་། ཞིང་འབྲོག་མང་ཚོགས་4100ལྷག་ཙམ་གྲོང་གསེབ་ཀྱི་རིག་གནས་ཡུལ་སྐོར་ལས་རིགས་ནང་ཞུགས་ནས་འབབ་འཕར་བྱུང་ཡོད་པ་རེད།

    ལྷོ་ཁ་གྲོང་ཁྱེར་གྱིས“རིག་གནས་ཡུལ་སྐོར་དང་སྐྱེ་ཁམས་སྲུང་སྐྱོང་ཟུང་འབྲེལ”ལ་བརྟེན་ནས་ཡུལ་སྐོར་གསར་སྤེལ་བྱེད་སྟངས་དང་བྱེད་ཤུགས་ཚན་རིག་དང་མཐུན་ལ་གཏན་འཁེལ་ལུགས་མཐུན་བྱས་ནས་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ཡོད། ཡར་འབྲོག་གཡུ་མཚོའི་མཛེས་ལྗོངས་ཁུལ་ལྟེ་བར་བྱས་ནས་ལྷོ་བྲག་དང་། ལྷུན་རྩེ། མཚོ་སྣ། རྒྱ་ཚ་སོགས་རྫོང་དང་གྲོང་ཁྱེར་དུ་སྣུར་སྲིང་བྱས་ཏེ། ཡུལ་སྐོར་གྱི་ལམ་ཐིག་གསར་པ་བཏོད་ཡོད། དེའི་ནང“ལྷོ་ཁའི་ཡུལ་སྨད་ལམ་ཐིག”དེ་ཉིད་རྒྱལ་ཁབ་ཀྱི་འཁོར་ཁྲིད་ཡུལ་སྐོར་གྱི་ལམ་ཐིག་ནང་བཅུག་པ་དང་ལེགས་པོ་རོང་ལ“ཀྲུང་གོའི་རང་བྱུང་གསོ་རླུང་ཁང”ཞེས་པའི་མཚན་སྙན་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།