ཆུ་མོ་དྭངས་ཤིང་སྐྱེ་ཁམས་ལེགས། སྡོད་མལ་ཁོར་ཡུག་ལྷག་པར་མཛེས།
རང་ལྗོངས་ཀྱིས་བཙོག་ཆུ་གཙང་གསིང་དང་གད་སྙིགས་གཙང་སེལ་གྱི་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་བར་རྒྱུན་མཐུད་སྐུལ་འདེད་བཏང་བ།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་སྒྲིག་བཀོད་འཛུགས་སྐྲུན་མངོན་གསལ་དོད་པོ་བྱས་ནས་ཞན་ཆ་སེལ་བ་དང་། དོ་དམ་ནན་པོ་བྱས་ནས་ཆུ་ཚད་མཐོ་རུ་གཏོང་བ། བཟོ་རྩལ་ལེགས་སུ་བཏང་ནས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རིགས་དབྱེར་མཐོང་ཆེན་བྱས་ནས་བཙོག་འབུད་ཉུང་གཏོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། འཚོ་བའི་བཙོག་ཆུ་གཙང་གསིང་དང་གད་སྙིགས་གཙང་སེལ་སྒྲིག་བཀོད་འཛུགས་སྐྲུན་དང་འཁོར་སྐྱོད་དོ་དམ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་། བཙོག་ཆུ་གཙང་གསིང་དང་གད་སྙིགས་གཙང་སེལ་གྱི་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད།
ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གི་ནུབ་བྱང་རྒྱུད་དུ་གནས་པའི་སྒྲུབ་སྡེ་གྲོང་ཚོར་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཚོ་གྲོང་རྡལ་དང་། རྒྱལ་ཡོངས་ཁྲིམས་སྐྱོང་གི་དཔེ་སྟོན་གྲོང་ཚོ། དེ་བཞིན་ལྗོངས་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་སྟོན་ས་ཚིགས་བཅས་ཀྱི་མཚན་སྙན་ཐོབ་མྱོང་ཡོད། “སྔོན་ཆད་དེ་གར་བཙོག་ཆུ་གང་སར་རྒྱུག་པ་དང་གང་སར་གད་སྙིགས་ཀྱིས་ཁེངས་ཡོད། ད་ཆ་འགྲོ་ལམ་གཙང་ཞིང་གད་སྙིགས་ཀྱང་རྩ་བའི་ཆ་ནས་མཐོང་རྒྱུ་མེད”ཅེས་ཡུལ་མི་ཟླ་བ་ཆོས་འཛོམས་ཀྱིས་བརྗོད།
ཉེ་བའི་ལོ་ཤས་རིང་། མཚོ་སྨད་རྫོང་གྲི་གུ་གྲོང་རྡལ་སྒྲུབ་སྡེ་གྲོང་ཚོའི་ཏང་ཀྲི་པུའུ་ཡིས“གྲོང་ཚོའི་ཏང་ཀྲི་པུའུ་དང་། ཏང་ཡོན་མང་ཚོགས། སྐར་གསོག་དོ་དམ་བཅས་ཟུང་དུ་འབྲེལ་བའི”མང་ཚོགས་རང་སྐྱོང་གི་བྱེད་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཤིང་། བྱེད་སྟངས་གསར་པའི་སྐུལ་ཁྲིད་འོག་ཡུལ་མི་ཚོས་རང་འགུལ་ངང་གྲོང་ཚོའི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ནང་ཞུགས་ནས་དེ་གོང་གང་སར་མཐོང་རྒྱུ་ཡོད་པའི་འགྱིག་དམ་དང་ཐ་མག་ཕྲུག་ལྷག་སོགས་ནི་ཡུལ་མི་ཚོས་སྐར་གསོག་གི་མ་དོད་ལྟ་བུར་གྱུར་ནས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ཡུལ་མིའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། ད་ཆ་སྒྲུབ་སྡེ་གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར་ནས་ཤེས་དཔལ་ལ་སྣང་ཆེན་དང་འཚོ་བར་དགའ་ཞེན་བྱེད་པ་དེ་སྒྲུབ་སྡེ་གྲོང་ཚོའི་ཡུལ་མིའི་མཚོན་རྟགས་ཤིག་ཏུ་གྱུར་ཡོད།
སྒྲུབ་སྡེ་གྲོང་ཚོའི་འགྱུར་ལྡོག་ནི་ལྗོངས་ཡོངས་ཀྱི་འཚོ་བའི་བཙོག་ཆུ་གཙང་གསིང་དང་གད་སྙིགས་གཙང་སེལ་བྱས་པའི་ཕན་འབྲས་ཀྱི་བསྡུས་རིས་ཙམ་ཞིག་རེད།
ཉེ་བའི་ལོ་ཤས་རིང་། གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་དང་སྤུས་ཚད་མཐོ་རུ་ཕྱིན་པ་དང་ཆབས་ཅིག རང་ལྗོངས་ཀྱི་རྣམ་གྲངས་དོ་དམ་གྱི་ཆུ་ཚད་ཀྱང་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ་དང་། རྣམ་གྲངས་འབོར་ཆེན་ཞིག་འཛུགས་སྐྲུན་ལེགས་གྲུབ་བྱུང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་མལ་ཁོར་ཡུག་ལེགས་སུ་ཕྱིན་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཕྱིན་ཡོད།
གྲངས་གཞི་ལས་མངོན་པར། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ་ལྗོངས་ཡོངས་ཀྱིས་འཚོ་བའི་བཙོག་ཆུ་གཙང་གསིང་སྒྲིག་བཀོད་34དང་འཚོ་བའི་གད་སྙིགས་གཙང་སེལ་སྒྲིག་བཀོད་20བསྐྲུན་ནས། གྲོང་ཁྱེར་5དང་། རྫོང་གྲོང་14 ཤང་དང་གྲོང་རྡལ་3བཅས་ཀྱི་བཙོག་ཆུ་གཙང་གསིང་དང་། གྲོང་ཁྱེར(ས་ཁུལ)4དང་། རྫོང་གྲོང་15 ཤང་དང་གྲོང་རྡལ་1བཅས་ཀྱི་གད་སྙིགས་གཙང་སེལ་སྒྲིག་བཀོད་འཛུགས་སྐྲུན་གྱི་ཞན་ཆ་བསལ་ཡོད། 2023ལོའི་ལོ་མཇུག་བར། ལྗོངས་ཡོངས་སུ་འཚོ་བའི་བཙོག་ཆུ་གཙང་གསིང་བཟོ་གྲྭ་106བསྐྲུན་པ་དེ་དག་གྲོང་ཁྱེར(ས་ཁུལ)7གནས་ཡུལ་དང་། རྫོང་གྲོང་62 ཤང་དང་གྲོང་རྡལ་21བཅས་ལ་ཁྱབ་ནས་བཙོག་ཆུ་གཙང་གསིང་བྱེད་ནུས་ཉིན་རེར་ཏུན་ཁྲི་55.8ཟིན་པ་དང་ལེ་ལག་ཚང་བའི་བཙོག་ཆུའི་མདོང་ལམ་སྤྱི་ལེ་1080.33ཟིན་ནས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་གྲོང་ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཅིག་སྡུད་གཙང་གསིང་བྱེད་ཚད་97.8%དང་89.01%སོ་སོར་ཟིན་ཡོད། འཚོ་བའི་གད་སྙིགས་གཙང་སེལ་སྒྲིག་བཀོད་ཁྱོན་318བསྐྲུན་པ་དེ་དག་གྲོང་ཁྱེར(ས་ཁུལ)7གནས་ཡུལ་དང་། རྫོང་གྲོང་ཡོངས། ཤང་དང་གྲོང་རྡལ་409བཅས་ལ་ཁྱབ་པ། ཉིན་རེར་གད་སྙིགས་གཙང་སེལ་བྱེད་ནུས་ཏུན་4580ཟིན་པ་དང་། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་གྲོང་ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་གནོད་མེད་གཙང་སེལ་བྱེད་ཚད་99.87%དང་98.85%སོ་སོར་ཟིན་ཡོད།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་སྟག་གདོང་གྲོང་ཚོས་སྐྱེ་ཁམས་ཁོར་ཡུག་ལ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “སྔོ་ལྗང་རི་ཀླུང”གི་གྱི་རྨང་གཞི་བརྟན་པོ་འདིང་བ། གྲོང་ཚོའི་རྣམ་པ་བཅོས་སྒྲིག་དང་དབུལ་སྐྱོར་ཕྱོགས་བསྡུས(ཡུལ་སྐོར)གསར་སྤེལ་རྣམ་གྲངས་འཛུགས་སྐྲུན་དམ་འཛིན་བྱ་གཞིར་བྱེད་པ། གྲོང་སྲོལ་དམངས་ཆིངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལམ་ལུགས་སོགས་ཀྱི་རྣམ་པ་རིམ་བཞིན་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་པས། གྲོང་གསེབ་ཀྱི་སྐད་གྲགས་ཆོད་ཚད་དང་མཚན་སྙན་གྲགས་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། 2017ལོར་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལེགས་སུ་བཏང་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་དཔེ་སྟོན་གྲོང་ཚོའི་གཟི་བརྗིད་མཚན་སྙན་ཐོབ་ཡོད།
ད་ཆའི་སྟག་གདོང་གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར་ནས་དེ་སྔའི་གནམ་དྭངས་དུས་ཐལ་རྡུལ་གྱིས་ཁེངས་པ་དང་། ཆར་ཞོད་ཚུགས་དུས་འདམ་རྫབ་ཀྱིས་ཁེངས་པ། ལྷགས་པ་རྒྱག་དུས་གད་སྙིགས་གང་སར་འཁྱེར་བ། དབྱར་དུས་བཙོག་ཆུ་གང་སར་འཁྱིལ་བ་བཅས་ཀྱི་རྣམ་པ་རྩ་བ་ནས་མཐོང་རྒྱུ་མེད།
འཚོ་བའི་བཙོག་ཆུ་གཙང་གསིང་དང་གད་སྙིགས་གཙང་སེལ་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ནས་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་གཏོད་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་ཆེད། རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་མཐོ་གྲང་དང་ས་བབ་མཐོ་བའི་དམིགས་བསལ་གནམ་གཤིས་ཆ་རྐྱེན་ལ་གཞི་ཚུགས་ཏེ་འཚོ་བའི་བཙོག་ཆུ་འདུས་ཚད་དམའ་བ་དང་། སྐྱེ་དངོས་ཕྲ་རབ་དང་འབུ་ཕྲ་གསོན་ཚད་དམའ་བ། སྐྱེལ་འདྲེན་དང་ཉམས་གསོའི་མ་གནས་མཐོ་བ། བཀོལ་སྤྱོད་ལག་རྩལ་གྱི་བླང་བྱ་མཐོ་བ་སོགས་ཀྱི་གནད་དོན་དངོས་ལ་དམིགས་ཏེ་ལག་རྩལ་དང་བཟོ་རྩལ་གྱི་སྤྱོད་གོ་ཆོད་པའི་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྔ་རྗེས་སུ་རྒྱལ་ནང་གི་དབང་གྲགས་ལྡན་པའི་རིགས་གཅིག་མཁས་ཅན་ཐེངས་མང་གདན་དྲངས་ཏེ་གྲོང་ཁྱེར(ས་ཁུལ)7དང་། རྫོང་གྲོང་40ལྷག་ཙམ། འཚོ་བའི་བཙོག་ཆུ་གཙང་གསིང་དང་གད་སྙིགས་གཙང་སེལ་གྱི་སྒྲིག་བཀོད་80ལྷག་ཙམ་བཅས་འཁོར་སྐྱོད་བྱས་ཚུལ་ལ་བརྟག་ཞིབ་བྱེད་པ། རང་ལྗོངས་ཀྱི་འཚོ་བའི་བཙོག་ཆུ་གཙང་གསིང་དང་གད་སྙིགས་གཙང་སེལ་གྱི་སྒྲིག་བཀོད་འཁོར་སྐྱོད་བྱེད་ཚུལ་ཕྱོགས་ཡོངས་ནས་ཤེས་རྟོགས་བཅས་བྱས་ཏེ་རང་ལྗོངས་ཀྱི་འཚོ་བའི་གད་སྙིགས་གཙང་སེལ་གྱི་བཟོ་རྩལ་ལག་རྩལ་སྔར་བས་ལེགས་སུ་གཏོང་ཆེད་ལག་ལེན་དུ་འཁྱོལ་ཐུབ་པ་དང་དོན་དངོས་དང་འཚམ་པའི་དཔྱད་གཞིའི་བསམ་འཆར་བཏོན་ཡོད།
གད་སྙིགས་རིགས་དབྱེ་ནི་འཚོ་བའི་ཁོར་ཡུག་ལེགས་སུ་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་རེད།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་སུ་གད་སྙིགས་རིགས་དབྱེའི་ལས་དོན་མགྱོགས་མྱུར་སྤེལ་ཞིང་། གད་སྙིགས་རིགས་དབྱེའི་ལས་དོན་དེ་གནས་ནས་ཁྱོན་ཡོངས་ལ་སྤེལ་བ་དང་། རིམ་བཞིན་སྤེལ་འགོ་ཚུགས་པ། ཕན་འབྲས་རགས་ཙམ་ཐོན་པ་བཅས་བྱུང་ཡོད།
ལྷ་སའི་ཁྲོམ་གཞུང་དུ་སྐྱོད་སྐབས་གད་གཞོང་འདྲ་མིན་སྣ་ཚོགས་ཁྲོམ་གཞུང་གི་གཞོགས་གཉིས་སུ་གྲལ་སྟར་འགྲིག་པོས་བཞག་ཡོད་པ་མཐོང་རྒྱུ་ཡོད། ཀླུ་སྒུག་སྡེ་ཁུལ་གྱི་གད་སྙིགས་གཙང་སེལ་བྱ་ཡུལ་དུ་ཁོར་ཡུག་གཙང་སྦྲ་བས་ཁྱེམ་དང་ཕྱགས་མས་ཉིན་གཅིག་གོང་གི་འཚོ་བའི་གད་སྙིགས་རིགས་དབྱེ་ནས་གད་སྙིགས་རླངས་འཁོར་ནང་བླུག་བཞིན་འདུག
“ད་ཆ་རྒྱ་ཆེའི་གྲོང་མི་མང་ཚོགས་ཚོའི་གད་སྙིགས་རིགས་དབྱེའི་འདུ་ཤེས་ཟབ་ཏུ་འགྲོ་བཞིན་ཡོད་ཅིང་། ཚང་མས་རིཌ་མི་འདྲ་བར་གཞིཌ་ནས་གད་སྙིགས་དག་དེ་མཚུངས་ཀྱི་གནས་སུ་འཇོག་གི་ཡོད་པས། རྗེས་མཐུད་ང་ཚོས་གད་སྙིཌ་གཙང་སེལ་བྱེད་པར་ཧ་ཅང་སྟབས་བདེ་པོ་འདུག”ཅེས་ཁོར་ཡུག་གཙང་སྦྲ་བ་སྒྲོལ་མས་བརྗོད།
འཚོ་བའི་གད་སྙིགས་རིགས་དབྱེའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་བཙུགས་ཚུན། རང་ལྗོངས་ཀྱིས་མཐོ་ས་ནས་སྐུལ་འདེད་དང་། ནུས་ཕྱོད་ཆེན་པོས་དོན་འཁྱོལ། དྲིལ་བསྒྲགས་ཐེངས་མང་བཅས་བྱས་ཏེ། སྔ་རྗེས་སུ《བོད་རང་སྐྱོང་ལྗོངས་ཀྱི་འཚོ་བའི་གད་སྙིགས་རིགས་དབྱེའི་ལམ་ལུགས་ཀྱི་ལག་བསྟར་ཇུས་གཞི》དང《རང་ལྗོངས་ཀྱི་འཚོ་བའི་གད་སྙིགས་རིགས་དབྱེ་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》སོགས་ཀྱི་ཡིག་ཆ་བཀྲམ་ཡོད། གད་སྙིགས་རིགས་དབྱེ་ནས་འཇོག་པ་དང་། རིགས་དབྱེ་བསྡུ་རུབ། རིགས་དབྱེ་སྐྱེལ་འདྲེན། རིགས་དབྱེ་གཙང་སེལ་བཅས་ཀྱི་མ་ལག་བསྐྲུན་པའི་བླང་བྱར་གཞིགས་ནས་མ་དངུལ་སྒོར་དུང་ཕྱུར་14.45བཏང་སྟེ་ལྷ་ས་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་མེ་བསྲེགས་གློག་གཏོང་ཁང་གི་དུས་ཐེངས་དང་པོ་དང་། ལྷོ་ཁ་གྲོང་ཁྱེར་གྱི་ཨར་འདམ་དོང་གི་འཚོ་བའི་གད་སྙིགས་མཉམ་སྡེབ་གཙང་སེལ་རྣམ་གྲངས། ལྷ་ས་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར་གྱི་ཟ་ཁང་གི་གད་སྙིགས་གཙང་སེལ་རྣམ་གྲངས་བཅས་བསྐྲུན་ཟིན་པ་དང་། ལྷ་ས་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་མེ་བསྲེགས་གློག་གཏོང་ཁང་གི་དུས་ཐེངས་གཉིས་པ་དང་། གཞིས་རྩེ་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་མཉམ་སྡེབ་གཙང་སེལ་རྣམ་གྲངས། ནག་ཆུ་གྲོང་ཁྱེར་གྱི་ཟ་ཁང་གི་གད་སྙིགས་གཙང་སེལ་རྣམ་གྲངས་བཅས་སྐྲུན་འགོ་ཚུགས་ཡོད།
རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གི་འབྲེལ་ཡོད་འགན་འཁུར་བས། རྣམ་གྲངས་བསྐྲུན་རྗེས་ལྗོངས་ཡོངས་ཀྱི་འཚོ་བའི་གད་སྙིགས་མེར་བསྲེགས་ནས་གཙང་སེལ་བྱེད་ནུས་ཉིན་རེར་ཏུན་2150ཟིན་རྒྱུ་ཡིན་པ་དེས་གད་སྙིགས་གནོད་མེད་ཅན་གྱི་གཙང་སེལ་བྱེད་ཁྱོན་གྱི་45%ཙམ་ཟིན་ཡོད་ཅེས་བརྗོད།
ད་ཆ་ལྗོངས་ཡོངས་ཀྱི་ཁོར་ཡུག་སྦགས་བཙོག་བཅོས་སྒྲིག་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་མིའི་འཚོ་སྡོད་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པར་གོམ་པ་གསར་པ་ཞིག་སྤོས་ཡོད།