སེམས་ནུས་གཅིག་སྒྲིལ་སྔོ་ལྗང་བསྲུངས། ལྷོ་རིའི་སྤྱི་གླིང་སྤྲོ་སྣང་དོད།
ལྷ་སའི་ལྷོ་རིའི་སྤྱི་གླིང་ནགས་ཚལ་མེ་ཟོན་ས་ཚིགས་ཀྱིས་སྐྱེ་ཁམས་བདེ་འཇགས་དང་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་པ།
འདི་ནི་མེ་ཟོན་བཀོད་འཐབ་པས་ལྷོ་རིའི་སྤྱི་གླིང་དུ་རྒྱུན་གཏན་སྐོར་གཡེང་བྱེད་བཞིན་པ།
འདི་ནི་མེ་ཟོན་བཀོད་འཐབ་པས་ཡུལ་སྐོར་བར་རོགས་སྐྱོབ་བྱེད་བཞིན་པ།
འདི་ནི་མེ་ཟོན་བཀོད་འཐབ་པས་གླིང་ཁུལ་གྱི་ལས་དོན་མི་སྣར་མེ་ཟོན་མེ་གསོད་གསོ་སྦྱོང་བྱེད་བཞིན་པ།
2023ལོའི་ཟླ་11ཚེས་10ཉིན། ལྷ་ས་གྲོང་ཁྱེར་ལྷོ་རིའི་སྤྱི་གླིང་ནགས་ཚལ་མེ་ཟོན་ས་ཚིགས་དང་དངོས་འཐབ་ཅན་གྱི་སྦྱོང་བརྡར་རྟེན་གཞིའི་སྒོ་བྱང་བཀལ་བ།
འདི་ལོའི་ཟླ་1ཚེས་1ཉིན། ལྷ་ས་གྲོང་ཁྱེར་ནགས་ཚལ་མེ་ཟོན་རུ་ཆེན་ལྷོ་རིའི་སྤྱི་གླིང་ནགས་ཚལ་མེ་ཟོན་ས་ཚིགས་ཀྱི་མེ་ཟོན་མི་སྣ་ཁག་དང་པོ་དངོས་སུ་བཅའ་སྡོད་བྱས་པ།
ངོ་སྤྲོད་བྱས་པར་གཞིགས་ན། ལྷོ་རིའི་སྤྱི་གླིང་ནགས་ཚལ་མེ་ཟོན་ས་ཚིགས་བཙུགས་པ་ནས་བཟུང་། ཁག་དང་དུས་མཚམས་དབྱེ་ནས་སྤྱི་གླིང་གི་ལས་དོན་མི་སྣར་ད་བར་གསོ་སྦྱོང་ཐེངས་9བྱས་པར་མི་ཐེངས་150ལྷག་ཞུགས་པ།
ལྷ་སའི་ལྷོ་རིའི་སྤྱི་གླིང་ནགས་ཚལ་མེ་ཟོན་ས་ཚིགས་ཀྱི་གྱང་ངོས་སུ“ཉེན་ཁའི་དུས་སུ་དཔའ་རྩལ་ངོམས། དམངས་ལ་ཞབས་འདེགས་ཧུར་ཐག་ཞུ”ཞེས་བྲིས་པའི་གོས་དར་བཀལ་ཡོད།
འདི་ལོའི་ཟླ་9ཚེས་10ཉིན་གྱི་ཕྱི་དྲོའི་ཆུ་ཚོད་7དང་སྐར་མ་20ཙམ་ལ་ཡུལ་སྐོར་བ་བུད་མེད་ཏི་ལགས་ལྷོ་རིའི་རི་རྩེར་སླེབས་པར་སྨི་བརྒྱ་ལས་མེད་སར་གསོ་རླུང་མ་འདང་བར་ངོ་གདོང་སྐྱ་བོར་གྱུར་ནས་རི་ལམ་གྱི་རྡོ་སྐས་ཐོག་ལུས་པོ་འདར་སིག་རྒྱག་བཞིན་ཡོད། གནས་ཚུལ་དེ་ལྷ་སའི་ལྷོ་རིའི་སྤྱི་གླིང་ནགས་ཚལ་མེ་ཟོན་ས་ཚིགས་ཀྱི་རྒྱུན་གཏན་སྐོར་གཡེང་བྱེད་མཁན་མེ་ཟོན་བཀོད་འཐབ་པ་ཞིག་གིས་མཐོང་།
སྐར་མ་15ཡི་ནང་མེ་ཟོན་བཀོད་འཐབ་པ་ཚོས་སྒོ་ཁྲི་སྟབས་བདེ་ཞིག་སྤྱད་དེ་བུད་མེད་ཏི་ལགས་རི་སྟེང་ནས་ས་ཚིགས་སུ་དབོར། དུས་ཐོག་ཏུ་རོགས་སྐྱོབ་བྱས་པ་བརྒྱུད་བུད་མེད་ཏི་ལགས་ཉེན་ཁ་ལས་ཐར། མེ་ཟོན་ས་ཚིགས་ལ་ཐུགས་རྗེ་ཆེ་ཞུ་ཆེད། ཁོ་མོས་ཆེད་མངགས་གོས་དར་དེ་བསྐྱལ་བ་རེད།
ལྷོ་རིའི་སྤྱི་གླིང་ནི་ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་གཙོ་བོ་ཞིག་ཡིན་པ་དང་། ལྷ་ས་གྲོང་ཁྱེར་གྱི་ལྷོ་རི་བྱང་རིའི་ནགས་བཟོ་སྔོ་འགྱུར་ལས་གྲྭའི་གཙོ་གནད་རྣམ་གྲངས་ཤིག་ཡིན་ལ། ཡུལ་སྐོར་བ་དང་གྲོང་མི་ཚོས་ཧ་ཅང་དགའ་པོ་བྱེད་པའི“ངེས་པར་དུ་སྐྱོད་ཡུལ”ཞིག་ཀྱང་རེད།
ལྷ་ས་གྲོང་ཁྱེར་ལྷོ་རིའི་སྤྱི་གླིང་གི་ནགས་ཚལ་གྱི་མེ་སྐྱོན་ཉེན་ཁར་དོགས་ཟོན་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་བྱ་ཆེད། 2023ལོའི་ཟླ་11ཚེས་10ཉིན། ལྷ་ས་གྲོང་ཁྱེར་ལྷོ་རིའི་སྤྱི་གླིང་ནགས་ཚལ་མེ་ཟོན་ས་ཚིགས་དང་དངོས་འཐབ་ཅན་གྱི་སྦྱོང་བརྡར་རྟེན་གཞིའི་སྒོ་བྱང་བཀལ་བ་རེད། འདི་ལོའི་ཟླ་1ཚེས་1ཉིན། ལྷ་ས་གྲོང་ཁྱེར་ནགས་ཚལ་མེ་ཟོན་རུ་ཆེན་ལྷོ་རིའི་སྤྱི་གླིང་ནགས་ཚལ་མེ་ཟོན་ས་ཚིགས་ཀྱི་མེ་ཟོན་མི་སྣ་ཁག་དང་པོ་དངོས་སུ་བཅའ་སྡོད་བྱས་པ་རེད།
བཅའ་སྡོད་བྱས་ཚུན། མེ་ཟོན་བཀོད་འཐབ་པ་ཚོས་གཙོ་གནད་མཛེས་ལྗོངས་ཁུལ་དུ་བཅའ་སྡོད་ཀྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས་སྔ་སྣུར་དུ་བཀོད་སྒྲིག་དང་། འཆར་འགོད་ཞིབ་ཚགས། སྒྲིག་འཛུགས་ནན་པོ་བཅས་བྱས་པ་རེད།
“ལྷོ་རིའི་སྤྱི་གླིང་གི་དོན་དངོས་གནས་ཚུལ་དང་མེ་སྐྱོན་གྱི་ཉེན་ཁའི་རིམ་པ་གཞིར་བཟུང་། ལྷ་སའི་ལྷོ་རིའི་སྤྱི་གླིང་ནགས་ཚལ་མེ་ཟོན་ས་ཚིགས་སུ་བཀོད་འཐབ་པ་8བཀོད་སྒྲིག་བྱས་ཡོད”ཅེས་ལྷ་ས་གྲོང་ཁྱེར་ནགས་ཚལ་མེ་ཟོན་རུ་ཆེན་རུ་འབྲིང་གཉིས་པའི་ཆབ་སྲིད་མཛུབ་ཁྲིད་པ་གཞོན་པ་སྤེན་པ་ཨོ་རྒྱན་གྱིས་བཤད་པ་དང་། ཁོང་གིས་མེ་ཟོན་ས་ཚིགས་ཀྱི་འགན་འཁུར་བས་ས་ཚིགས་ཀྱི་རྒྱུན་གཏན་དོ་དམ་གྱི་འགན་འཁུར་ནས་སྦྱོང་བརྡར་དང་ནང་སྦྱོང་བྱས་ཏེ་དཔུང་ཁག་དུས་དང་རྣམ་པ་ཀུན་ཏུ་ཐོན་ཆོག་ཆོག་ཡིན་པའི་འགན་ལེན་བྱེད་པ་དང་། མེ་གསོད་རོགས་སྐྱོབ་པས་རྒྱུན་གཏན་གྱི་སྐོར་ཞིབ་དང་། མེ་ཁུངས་དོ་དམ་ཚོད་འཛིན། མེ་གསོད་སོགས་ཀྱི་ལས་ཀའི་འགན་ཁུར་བ་དང་ཆབས་ཅིག དུས་ཆེན་དང་གུང་གསེང་རིང་གི་མེ་ཟོན་དྲིལ་བསྒྲགས་དང་སྤྱི་གླིང་གི་ལས་བཟོར་མེ་ཟོན་གྱི་ཆེད་ལས་གསོ་སྦྱོང་བྱ་རྒྱུའི་འགན་འཁུར་གྱི་ཡོད་ཅེས་བཤད།
བཅའ་སྡོད་བྱས་པ་ནས་བཟུང་། མེ་ཟོན་ས་ཚིགས་ཀྱིས་ཉིན་ལྟར་རྒྱུན་གཏན་གྱི་མེ་ཟོན་སྐོར་གཡེང་ཐེངས་3དང་ཉིན་ལྟར་སྒོ་བརྒྱབ་རྗེས་དགོང་མོའི་ཆུ་ཚོད་དགུ་པ་ནས་དགུ་དང་ཕྱེད་ཀའི་བར་མཚན་མོར་མེ་གསོད་ཡོ་བྱད་ཁྱེར་ནས་སྐོར་སྐྱོད་ལས་སྒྲུབ་ཐེངས་རེ་བྱེད་ཀྱི་ཡོད། དུས་ཆེན་དང་ངལ་གསོའི་ཉིན་མོ་གལ་ཆེན་སྐབས་མེ་ཟོན་སྐོར་གཡེང་བྱེད་ཤུགས་ཆེ་རུ་བཏང་སྟེ་ཉིན་ལྟར་སྐོར་གཡེང་ཐེངས་5བར་མང་དུ་བཏང་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། ལྷོ་རིའི་སྤྱི་གླིང་ནགས་ཚལ་མེ་ཟོན་ས་ཚིགས་བཙུགས་པ་ནས་བཟུང་། ཁག་དང་དུས་མཚམས་དབྱེ་ནས་སྤྱི་གླིང་གི་ལས་དོན་མི་སྣར་ད་བར་གསོ་སྦྱོང་ཐེངས་9བྱས་པར་དེའི་ནང་ཞུགས་མཁན་མི་ཐེངས་150ལྷག་ཙམ་ཟིན་ཡོད།
ནགས་ཚལ་མེ་ཟོན་ལས་དོན་ཡག་པོ་སྒྲུབ་པ་དང་དུས་མཚུངས་ལྷ་སའི་ལྷོ་རིའི་སྤྱི་གླིང་ནགས་ཚལ་མེ་ཟོན་ས་ཚིགས་ཀྱིས་ད་དུང་ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོབ་བྱས་ཤིང་། ཉེ་བའི་ལོ་གཅིག་རིང་། ཡུལ་སྐོར་བར་རོགས་སྐྱོབ་དང་། གསོ་རླུང་ལྕགས་དམ་མཁོ་འདོན། ས་ཚིགས་སུ་ངལ་གསོ་རྒྱག་ཏུ་འཇུག་པ་སོགས་ཐེངས་50ལྷག་ཙམ་བྱས་པར་མི་ཐེངས་100ལྷག་ཙམ་ཟིན་ཡོད། ལ་དུག་ཕོག་པའི་ཡུལ་སྐོར་བར་རོགས་སྐྱོབ་བྱས་ནས་རི་གཤམ་དུ་ཐེངས་10བསྐྱལ་བ་དང་། རི་ནས་བབས་སྐབས་ཡིད་གཟབ་མ་བྱས་པར་རྨས་སྐྱོན་ཕོག་པའི་ཡུལ་སྐོར་བར་དུག་སེལ་དང་། ཁྲག་གཅོད་པ། རྨ་རས་དཀྲི་བ་བཅས་ཀྱི་རོགས་སྐྱོབ་ཐེངས་10བྱས་ཡོད། ལ་དུག་ཕོག་ནས་དྲན་པ་ཐོར་བའི་ཡུལ་སྐོར་བར་གསོ་རླུང་མཁོ་འདོན་དང་། ལྟ་རུབ་རྒྱག་མཁན་མང་ཚོགས་ཁ་འགྲེམས། སྐྱོབ་བཅོས་སྨན་པར་རམ་འདེགས་བཅས་ཐེངས་1བྱས་པ་དང་ལམ་ནོར་ཐེབས་པའི་ཡུལ་སྐོར་བར་རོགས་སྐྱོབ་ཐེངས་1བྱས་ཡོད།
འཕྲལ་སྡོམ་དང་ལེན་དང་དངོས་འཐབ་ཀྱི་ནུས་པ་ཆེ་རུ་གཏོང་ཆེད། ལྷ་སའི་ལྷོ་རིའི་སྤྱི་གླིང་ནགས་ཚལ་མེ་ཟོན་ས་ཚིགས་ཀྱིས་དོན་དངོས་གནས་ཚུལ་ལ་གཞིགས་ནས་ནགས་ཚལ་མེ་ཟོན་གྱི་འཕྲལ་སྡོམ་སྔོན་ཇུས་རྒྱུན་ཆད་མེད་པར་བཟོ་བཅོས་དང་འཐུས་ཚང་དུ་བཏང་སྟེ་མེ་སྐྱོན་ཐོན་མ་ཐག་ལས་མི་མགྱོགས་མྱུར་ཐོན་ནས་ཐག་གཅོད་ནུས་ལྡན་ཐུབ་པའི་འགན་ལེན་བྱས་ཡོད། མིག་སྔར་འཕྲལ་སྡོམ་སྔོན་ཇུས་ཐེངས་9གསར་དུ་བཟོས་པ་དང་། དམག་གྲབས་སློབ་གསོ་ཐེངས་10སྤེལ་བ། མེ་ཟོན་ནང་སྦྱོང་ཐེངས་16བྱས་པ། གླིང་ཁུལ་གྱི་ལས་བཟོ་དང་མཉམ་འབྲེལ་ཐོག་འཕྲལ་སྡོམ་རོགས་སྐྱོབ་ཀྱི་མཉམ་འབྲེལ་ནང་སྦྱོང་ཐེངས་5བཅས་བྱས་ཡོད། ལྷོ་རིའི་སྤྱི་གླིང་ནི་སྤྲོ་གསེང་དང་། རོལ་རྩེད། ལུས་སྦྱོང་། ཡུལ་སྐོར་བཅས་གཞི་གཅིག་ཏུ་འདུས་པའི་སྐྱེ་ཁམས་སྐྱེད་ཚལ་དང་ནགས་ཚལ་སྤྱི་གླིང་ཞིག་ཡིན། ལྷ་སའི་ལྷོ་རིའི་སྤྱི་གླིང་ནགས་ཚལ་མེ་ཟོན་ས་ཚིགས་ཀྱིས་སྤྱི་གླིང་དུ་ཡུལ་སྐོར་བ་མང་བའི་ལེགས་ཆར་བརྟེན་ནས་སྤྱི་གླིང་གི་ནགས་ཚལ་མེ་ཟོན་དྲིལ་བསྒྲགས་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བར་ཕན་འབྲས་བཟང་པོ་ཐོན་ཡོད།