ནག་ཆུ་གྲོང་ཁྱེར་གྱིས་ནུས་རྒྱུ་གཙང་མའི་དྲོད་རླངས་མཁོ་འདོན་བྱེད་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་པ།
ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱིས་ནུས་རྒྱུ་གཙང་མའི་དྲོད་རླངས་མཁོ་འདོན་བྱེད་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས། སྤྱི་ཚོགས་ཀྱི་མ་རྩ་གྲོང་ཁུལ་གྱི་གཅིག་སྡུད་དྲོད་རླངས་མཁོ་འདོན་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་རྒྱུར་དྲངས་ཏེ་ནག་ཆུའི“སྐྱེ་ཁམས་དང་བློ་གྲོས་ཀྱི་རྩེར་སོན་གྲོང་ཁྱེར”འཛུགས་སྐྲུན་ལ་རམ་འདེགས་བྱས་པ་རེད།
ནག་ཆུ་གྲོང་ཁྱེར་གྱི་ས་འོག་ཚ་ནུས་ཀྱི་ཐོན་ཁུངས་ཁྱབ་རྒྱ་ཆེ་བ་དང་གསོག་ཚད་ཕུན་སུམ་ཚོགས་པས་གསར་སྤེལ་བེད་སྤྱོད་ཀྱི་ཆ་རྐྱེན་འཛོམས་པ་དང་འཕེལ་རྒྱས་ཀྱི་གཏིང་ཤུགས་ཧ་ཅང་ཆེན་པོ་ལྡན་ཡོད། 2019ལོ་ནས་2023ལོའི་བར་བོད་ལྗོངས་ཅིན་ཧང་ནུས་རྒྱུ་གསར་པའི་ཚད་ཡོད་འགན་འཁྲི་ཀུང་སིས་གསར་སྤེལ་དང་རྩད་ཞིབ་མ་དངུལ་སྒོར་དུང་ཕྱུར་1.6བཏང་ནས་ནག་ཆུའི་ས་འོག་ཚ་ནུས་རྩད་ཞིབ་ལས་དོན་དུས་ཐེངས་དང་པོ་སྤེལ་བ་རེད། ས་འོག་ཚ་ནུས་ཀྱི་ས་གཤིས་ཆ་རྐྱེན་དང་། ཐོན་ཁུངས་ཀྱི་གཏིང་ཤུགས། ཆུ་དྲོད་འཁོར་རྒྱུག ཁོར་ཡུག་གི་ཕན་འབྲས་སོགས་ཀྱི་རྨང་གཞིའི་གནད་དོན་གཞི་རྩའི་ཆར་རྩད་ཆོད་མཐའ་གསལ་བྱུང་རྗེས་2023ལོའི་ཟླ་12པར་ཐོན་ནུས་ཚད་ལེན་ཚོད་ལྟ་བྱེད་འགོ་ཚུགས་ཤིང་། ད་ཆ་ས་འོག་ཚ་ནུས་ཁྲོན་པ་12ལས་གྲུབ་པའི་སྔོག་ཁྲོན་8དང་འདྲེན་ཁྲོན་4བསྐྲུན་ཟིན་པ་དང་། ད་ལོའི་ཟླ་10པར་གྲོང་ཁུལ་རྙིང་པའི་སྨི་ངོས་གྲུ་ཁྲི་78.6དང་ལྷོ་རྒྱུད་གྲོང་གསར་གྱི་སྨི་ངོས་གྲུ་ཁྲི་20.9ཡི་ས་ཁོངས་གཉིས་ལ་དངོས་སུ་དྲོད་རླངས་བཏང་བ་རེད།
ད་ལོའི་ཟླ་4པར། ཀྲུང་གོ་རྫས་འགྱུར་སྐྱེ་ཁམས་ཆུ་བེད་འཛུགས་སྐྲུན་ཚད་ཡོད་ཀུང་སིས་ས་འོག་ཚ་ནུས་ཕུམ་གྱི་ལག་རྩལ་མདོང་ལམ་སྤྱད་དེ་ད་ཡོད་ཀྱི་དྲོད་རླངས་མཁོ་འདོན་མ་ལག་ལ་སྒྱུར་བཀོད་བྱས་ནས་ད་ཡོད་ཀྱི་རྡོ་སོལ་ཁྲོ་ཐབ་དང་གློག་སྣེའི་ཁྲོ་ཐབ་རྦད་དེ་བརྗེ་པོ་བརྒྱབ་ཡོད་པ་རེད། དེ་དང་ཆབས་ཅིག་ནུས་རྒྱུ་གཙང་མའི་དྲོད་རླངས་མཁོ་འདོན་མ་ལག་དང་མདོང་དྲ་དང་དེ་བཞིན་ཁང་པའི་ནང་ངོས་ཀྱི་མཐུད་སྣེ་ཁག་གཅིག་གསར་སྐྲུན་བྱས་པར་སྨི་ངོས་གྲུ་ཁྲི་242.11ལ་དྲོད་རླངས་གཏོང་ཐུབ་པ་དེས་ནག་ཆུར་ཐཱན་འབུད་ཚད་ཏུན་ཁྲི་27ཉུང་དུ་ཕྱིན་ཡོད་པ་རེད།