སྒར་རྫོང་སྐྱེ་ཁམས་ཞིང་ལས་ཐོན་ལས་གླིང་གིས།
དྲོད་ཁང་ཆེན་པོའི་དཔལ་འབྱོར་འཕེལ་རྒྱས་བཏང་ནས་སྔོ་ཚལ་དང་ཤིང་འབྲས་ཀྱི་མཁོ་སྤྲོད་འགན་ལེན་བྱས་པ།
ཉེ་བའི་ལོ་ཤས་རིང་། སྒར་རྫོང་སྐྱེ་ཁམས་ཞིང་ལས་ཐོན་ལས་གླིང་གིས་ཐོན་ལས་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་དང་དྲོད་ཁང་ཆེན་པོའི་དཔལ་འབྱོར་ལ་བརྟེན་ནས་སྔོ་ཚལ་དང་ཀྭ་རིགས་སོགས་དྲོད་ཁང་ཆེན་པོའི་ཐོན་ལས་བཏོད་པ་མ་ཟད། ཐོན་ལས་རོགས་སྐྱོར་དང་ཚན་རིག་ལག་རྩལ་གྱི་ཞབས་ཞུར་ཤུགས་སྣོན་བརྒྱབ་སྟེ། ཐོན་ལས་གཞི་ཁྱོན་ཅན་དང་ཆེད་ལས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སྒར་རྫོང་སྐྱེ་ཁམས་ཞིང་ལས་ཐོན་ལས་གླིང་དེ་སྒར་རྫོང་གི་སེང་གེ་ཁ་འབབ་གྲོང་རྡལ་དུ་གནས་པ་དང་2022ལོར་རང་སྐྱོང་ལྗོངས་རིམ་པའི་ཞིང་ལས་ཚན་རྩལ་གླིང་དུ་བདམས་པ་དང་རྒྱ་ཁྱོན་མུའུ་1000ཟིན་གྱི་ཡོད། ཉི་འོད་དྲོད་ཁང་172དང་། འགྱིག་ཤོག་དྲོད་ཁང་26 རིག་ནུས་དྲོད་ཁང་8བཅས་བསྐྲུན་ནས“ཀུང་སི་ཅན་གྱི་གཉེར་སྐྱོང་དོ་དམ་དང་། མཉམ་ལས་ཁང་གི་ཞབས་ཞུས་སྐུལ་ཁྲིད། ཞིང་འབྲོག་པས་འགན་གཙང་འདེབས་འཛུགས། དུད་ཚང་དབུལ་པོའི་གླ་པར་གསོ་སྦྱོང”བཅས་ཕྱོགས་བཞི་གཞི་གཅིག་གི་འཁོར་སྐྱོད་བྱེད་སྟངས་ལག་ལེན་བསྟར་བ་དང་། “ཚོང་པ་སྣ་ཚོགས་ཀྱིས་ཁ་འགྲེམས་གཉེར་སྐྱོང་དང་གླིང་ཁུལ་གྱིས་གཅིག་སྡུད་དོ་དམ”ཟུང་དུ་འབྲེལ་བའི་གཉེར་སྐྱོང་བྱེད་སྟངས་སྤྱད་དེ་མངའ་རིས་ས་ཁུལ་གྱི་ཞིང་འབྲོག་པ་དང་སེང་གེ་ཁ་འབབ་གྲོང་རྡལ་གྱི་གནས་སྡོད་པ་ཚང་མས་བོགས་མར་བླངས་ནས་འདེབས་འཛུགས་བྱེད་ཆོག་པ་དང་གན་རྒྱའི་ནང་བོགས་དངུལ་ཐེངས་གཅིག་ལ་སྤྲོད་རྒྱུའི་ཁ་ཆད་བྱས་ཤིང་། 2023ལོའི་ཟླ་10པ་ནས་2024ལོའི་ཟླ་10པའི་བར་གླིང་ཁུལ་གྱིས་བོགས་དངུལ་སྒོར་ཁྲི་151.7བསྡུས་ཡོད་པ་རེད།
མིག་སྔར། གླིང་ཁུལ་དུ་འདྲེ་ཚེར་མ་མུའུ་100བཏབ་པ་དང་། སྡོང་ཕྲུག་མུའུ་250འདེབས་གསོ་བྱས་པ། སྔོ་ཚལ་དང་། ཀྭ་རིགས་དང་ཤིང་འབྲས། བཟའ་བྱའི་ཤ་མོ། མེ་ཏོག་སོས་པ། སྡོང་ཕྲུག་སོགས་སྣ་ཁ་30ལྷག་ཙམ་འདེབས་འཛུགས་བྱས་པ་མ་ཟད། ལག་རྩལ་གསར་པ་སྤྱད་པ་དང་སྣ་ཁ་གསར་པ་ནང་འདྲེན་བྱས་པ་བརྒྱུད་ཞིང་ལས་དེང་རབས་ཅན་དང་ཐོན་ལས་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།