གཞིས་རྩེ་གྲོང་ཁྱེར་གྱིས།
སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་སུ་འགྲོ་བར་སྐུལ་འདེད་ཤུགས་ཆེན་བཏང་བ།
འདི་ལོ་ཚུན། གཞིས་རྩེ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུར་དམ་པོར་དམིགས་ཏེ“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ་དང་། འགན་འཁྲི་འཁུར་ཕོད་པ་དང་རང་འགུལ་ངང་བྱས་རྗེས་འཇོག་པ། གནམ་སྔོན་སྲུང་འཐབ་རྒྱུན་མཐུད་ཡག་པོ་རྒྱག་པ་བཅས་བྱས་པས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད་པ་རེད།
གཞིས་རྩེ་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་སུ་རྒྱལ་ཁབ་ཀྱི་དུས་མཚམས་དྲུག་པའི་འཕྲུལ་སྒུལ་འཁོར་རིགས་ཀྱི་མཇུག་རླངས་འབུད་པའི་ཚད་གཞི་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ། འགྲོ་ལམ་སྒུལ་བདེའི་འཕྲུལ་ཆས་མིན་པའི་རྒྱལ་ཁབ་ཀྱི་དུས་མཚམས་བཞི་པའི་མཇུག་རླངས་འབུད་པའི་ཚད་གཞི་ཁྱབ་གདལ་བཏང་ཡོད། འཕྲུལ་སྒུལ་འཁོར་རིགས་ཀྱི་མཇུག་རླངས་འབུད་པའི་ཞིབ་དཔྱད་སྒྲིག་གཞིར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས། སྒྲིག་གཞི་8ལ་ས་གནས་ས་ཐོག་ཏུ་ཞིབ་བཤེར་བྱས་པས་གྲངས་གཞི་བརྒྱུད་གཏོང་ནུས་ལྡན་ཐུབ་པ་དང་ཞིབ་དཔྱད་གྲངས་གཞིའི་སྤུས་ཚད་ཚད་ལྡན་གྱི་བླང་བྱ་དང་མཐུན་ནས་འཁོར་སྐྱོད་ཚད་ལྡན་ཐུབ་པ་རེད།
དེ་དང་ཆབས་ཅིག གཞིས་རྩེ་གྲོང་ཁྱེར་གྱིས་གཙོ་གནད་ས་ཁོངས་ཀྱི་འཛེར་སྒྲ་འགོག་བཅོས་ལ་ཤུགས་སྣོན་བརྒྱབ་ནས། སྒྲ་ནུས་ཁུལ་གྱི་ས་ཚིགས་7ལ་ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད་དུས་ཚིགས་དང་པོ་དང་གཉིས་པའི་ཉིན་མཚན་གཉིས་ཀ་ཚད་ལོན་པ་དང་། ཚད་ལོན་ཚད་100%ཟིན་ཡོད་པ་རེད།
གཞན་ཡང་། གཞིས་རྩེ་གྲོང་ཁྱེར་གྱིས་མཁའ་རླུང་སྤུས་ཚད་ལེགས་སུ་གཏོང་བའི་བྱ་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས《གཞིས་རྩེ་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་རྒྱུན་མཐུད་ལེགས་སུ་གཏོང་བའི་བྱ་སྤྱོད་ཀྱི་ལག་བསྟར་ཇུས་གཞི》སྒྲིག་འཛུགས་བྱས་ནས་བཟོ་བཞིན་ཡོད། དྲི་ངན་དབྱང་རླུང་ཚད་ལས་བརྒལ་བའི་གནད་དོན་ལ་དམིགས་ནས་མ་དངུལ་སྒོར་ཁྲི་97.1བཏང་སྟེ་གཞིས་རྩེ་གྲོང་ཁྱེར་གྱི་ཐལ་རྡུལ་དང་དྲི་ངན་དབྱང་རླུང་གི་སྦགས་བཙོག་འབྱུང་རྐྱེན་དང་འབྱུང་ཁུངས་མཐིལ་རྟོགས་བརྟག་དཔྱད་དང་འགོག་ཟོན་གྱི་ཐབས་ཇུས་ལ་ཆེད་དོན་ཞིབ་འཇུག་ལས་དོན་སྤེལ་བ་དང་། ཧྲང་ཧའེ་ཁོར་ཡུག་ཚན་རིག་ཁང་དང་མཉམ་དུ་བརྟག་དཔྱད་ཞིབ་འཇུག་ལས་དོན་སྤེལ་ནས། བརྟག་དཔྱད་ལས་དོན་ཁག་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།