སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་བྱས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་སྐྲུན།
—— འདམ་གཞུང་རྫོང་གིས་ཨ་རབ་འདམ་ར་འཛུགས་སྐྲུན་དང་སྲུང་སྐྱོང་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་བ།
ཉེ་བའི་ལོ་ཤས་རིང་། འཛུགས་སྐྲུན་དང་སྲུང་སྐྱོང་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་བ་དང་བསྟུན་ནས་འདམ་གཞུང་གི་ཨ་རབ་འདམ་རའི་སྐྱེ་ཁམས་ནུས་པ་མངོན་གསལ་དོད་དུ་ཕྱིན་ཏེ། གསོ་རླུང་ཁ་གསབ་དང་། བརླན་ཚད་ཁ་སྣོན། ཆུ་རྩྭ་གསོ་འཁྱོངས། ཁོར་ཡུག་གཙང་བཟོ། སྐྱེ་ཁམས་མ་ལག་དོ་སྙོམས་ཡོང་བ་སོགས་ཀྱི་ཐད་མཐའ་འཁོར་ས་ཁོངས་ལ་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་ཐོན་ནས། ཨ་རབ་འདམ་ར་དེ་ཉིད་འདམ་གཞུང་དང་ཐ་ན་ལྷ་སའི“རང་བྱུང་གི་ལྗང་མདོག་གློ་བར”གྱུར་ཡོད། དམིགས་བསལ་གྱི་སྐྱེ་ཁམས་ཁོར་ཡུག་གི་དབང་གིས་ཨ་རབ་འདམ་རར་རྩ་ཆེའི་ཆུ་བྱ་དང་། རི་དྭགས། འདམ་རའི་རྩི་ཤིང་བཅས་མང་པོ་གནས་ཡོད་ལ། རྒྱལ་ཁབ་ཀྱི་རིམ་པ་དང་པོ་དང་གཉིས་པའི་གཙོ་གནད་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་ཁྲུང་ཁྲུང་སྐེ་ནག་དང་ཁྲུང་ཁྲུང་མགོ་ཁྲ་སོགས་འདབ་ཆགས་དང་། སྤ་མ་དང་། སེ་རྒོད། ཀོན་པ་གབ་སྐྱེས་ཆེ་བ། སྤང་རྒྱན་སོགས་རྩྭ་རྩི་ཤིང་ཡང་གང་སར་མཐོང་རྒྱུ་ཡོད།
2016ལོར་འདམ་གཞུང་རྫོང་གིས་ཨ་རབ་འདམ་ར་དོ་དམ་ས་ཚིགས་བཙུགས་ནས་དོ་དམ་སྲུང་སྐྱོང་སྒྲིག་གཞི་དང་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བས། འདམ་ར་འཛུགས་སྐྲུན་དང་དོ་དམ་སྲུང་སྐྱོང་དུས་མཚམས་གསར་པར་སླེབས་ཡོད། 2019ལོར། འདམ་གཞུང་རྫོང་གིས་རང་བྱུང་ཐོན་ཁུངས་ཅུས་བཙུགས་ནས་འདམ་ར་སྲུང་སྐྱོང་དོ་དམ་ལས་དོན་ལ་སྤྱི་འདོམས་འགན་འཁྲི་ཁུར་བས་འདམ་ར་དོ་དམ་སྲུང་སྐྱོང་གི་འགན་ནུས་དང་འགན་འཁྲི་སྔར་བས་ལེགས་སྒྲིག་ཐུབ་ཡོད། ཉེ་བའི་ལོ་ཤས་རིང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་དང་། ལས་རིགས་གཙོ་གཉེར་སྡེ་ཚན་གྱིས་རྒྱབ་སྐྱོར་ཤུགས་ཆེན། དེ་བཞིན་རྒྱ་ཆེའི་དོ་དམ་སྲུང་སྐྱོང་མི་སྣས་ཐུན་མོང་ཐོག་འབད་བརྩོན། མཐའ་འཁོར་མང་ཚོགས་ཧུར་ཐག་ཞུགས་པ་བཅས་བྱས་པ་བརྒྱུད། ཨ་རབ་འདམ་རའི་འཛུགས་སྐྲུན་དང་དོ་དམ་སྲུང་སྐྱོང་ལས་དོན་རྒྱུན་མཐུད་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད།
འདམ་ར་སྲུང་སྐྱོང་བྱེད་རིང་། འདམ་གཞུང་རྫོང་གིས་ཁྲིམས་སྒྱུར་ལྟ་སྐུལ་ཐད་ཐབས་ཇུས་གནས་འཁེལ་ཧུར་ཐག་བཏོན་ནས། འདམ་རའི་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་དང་རྡུང་རྡེག་གཏོང་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་བ་དང་། ཐེར་འདོན་ཁ་པར་རང་འགུལ་ངང་ཡོངས་བསྒྲགས། ལྟ་སྐུལ་ཐེར་འདོན་གྱི་ཐབས་ལམ་ཤར་གཏོང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་རང་འགུལ་ངང་འདམ་ར་སྲུང་སྐྱོང་ལས་དོན་ལ་ཞུགས་པར་སྐུལ་སློང་ཁྲིད་སྟོན། འདམ་ར་སྲུང་སྐྱོང་བྱེད་རྒྱུ་མི་ཚང་མར་འགན་འཁྲི་ཡོད་པ་དང་སྤྱི་ཚོགས་རྒྱ་ཁྱབ་ཞུགས་པའི་སྤྱི་ཚོགས་ཀྱི་རྣམ་པ་ཡག་པོ་གཏོད་པ་བཅས་བྱས་པས། འདམ་ར་སྲུང་སྐྱོང་ལས་དོན་གྱི་མཉམ་ཤུགས་ཆེན་པོ་ཆགས་ཡོད། འཛམ་གླིང་འདམ་རའི་ཉིན་མོ་དང་། བྱ་གཅེས་གཟའ་འཁོར། རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་སོགས་ཀྱི་དུས་སྐབས་གལ་ཆེན་གང་ལེགས་སྤྱད་དེ་གཅིག་སྡུད་དྲིལ་བསྒྲགས་དང་། སྐད་བརྡ་གཏོང་བ། དུད་ཚང་དུ་སྒྲོག་འགྲེལ་སོགས་ཀྱི་བྱ་ཐབས་བརྒྱུད་དྲིལ་བསྒྲགས་ཁྲིད་སྟོན་ཐད་ཤུགས་རྒྱག་པ་དང་། ཐབས་ལམ་མང་པོ་དང་རྒྱུན་རྣམ་ཅན་གྱི་སྒོ་ནས་འདམ་ར་སྲུང་སྐྱོང་གི་སྲིད་ཇུས་བྱ་ཐབས་དང་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་བས། ལས་བྱེད་པ་དང་མང་ཚོགས་ཀྱི་འདམ་ར་སྲུང་སྐྱོང་འདུ་ཤེས་ཕྱོགས་ཡོངས་ནས་ཟབ་ཏུ་ཕྱིན་ཡོད། རྣམ་གྲངས་འདེགས་སྐྱོར་ལ་གཞི་ཚུགས་ནས་ཨ་རབ་འདམ་རའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་མཁྲེགས་ཆས་ལེ་ལག་ལ་ཤུགས་སྣོན་རྒྱག་རྒྱུར་སྣང་ཆེན་བྱེད་པ་དང་། རྒྱལ་ཁབ་ཀྱི་འདམ་ར་གལ་ཆེན་2016ལོ་འཁོར་གྱི་ཨ་རབ་འདམ་ར་སྲུང་སྐྱོང་གི་ཁ་གསབ་མ་དངུལ་དང་འཛུགས་སྐྲུན་རྣམ་གྲངས་ལ་གཙོ་གནད་ཐོག་ཡིག་ཐོག་སྙན་ཞུ་འབུལ་བ། འཛུགས་སྐྲུན་གྱི་ནང་དོན་ནི་ཉམས་ཞན་འདམ་ར་སླར་གསོ་དང་། འདམ་རའི་ལྟ་ཞིབ་ཚད་ལེན་དང་ལྟ་འདོམས། འདམ་ར་དོ་དམ་སྲུང་སྐྱོང་སོགས་ཡིན་པ། ཆེད་ལས་དོ་དམ་སྲུང་སྐྱོང་དཔུང་ཁག་1འཛུགས་པ་དང་ལྟ་ཞིབ་ཚད་ལེན་ས་ཚིགས་1སྐྲུན་པ། སྐོར་སྲུང་རླངས་འཁོར་དང་། སྦག་སྦག ཁུང་གཉིས་རྒྱང་ཤེལ། GPSསོགས་ཀྱི་སྐོར་སྲུང་ལྟ་ཞིབ་ཚད་ལེན་སྒྲིག་ཆས་སྒྲིག་སྦྱོར་བཅས་བྱས་པས། འདམ་ར་སྲུང་སྐྱོང་གི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་ཡོད།
འདམ་གཞུང་རྫོང་གིས་རྒྱུན་ཆད་མེད་པར་དྲིལ་བསྒྲགས་ཁྲིད་སྟོན་དང་ཚན་རིག་དང་མཐུན་ལ་ལུགས་མཐུན་གྱི་དོ་དམ་སྲུང་སྐྱོང་བྱ་ཐབས་སྤྱད་པ་བརྒྱུད། མང་ཚོགས་རང་འགུལ་ངང་འདམ་ར་དོ་དམ་སྲུང་སྐྱོང་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་ལས་ལ་ཞུགས་པར་ཁྲིད་སྟོན་བྱས་ཡོད། 2016ལོ་ཚུན། ཨ་རབ་འདམ་རའི་མཐའ་འཁོར་གྱི་མང་ཚོགས་ཀྱིས་འདམ་རའི་མཐའ་འཁོར་གྱི་གད་སྙིགས་གཙང་འཕྱག་དང་། ལྕགས་དྲ་ཉམས་བཟོ། ཡུལ་སྐོར་བར་ཁ་ཏ་སློབ་སྟོན། རི་སྐྱེས་སྲོག་ཆགས་སྐྱོབ་རོགས་སོགས་ཀྱི་ལས་དོན་ཐེངས་120ལྷག་ཙམ་སྤེལ་བར་མང་ཚོགས་རང་འགུལ་ངང་ཧུར་ཐག་ཞུགས་པས་འདམ་ར་སྲུང་སྐྱོང་ལས་དོན་ལ་གསོན་ཤུགས་ཆེན་པོ་བསྣན་ཡོད། བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། འདམ་རའི་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་བསྟུན་ནས། ཨ་རབ་འདམ་རར་ཟས་འཚོལ་བ་དང་བབ་སྡོད་བྱེད་པའི་ཁྲུང་ཁྲུང་སྐེ་ནག་དེ་སྔ་བརྒྱ་ཡང་མ་ཟིན་པ་ནས་ད་ཆ་མང་ཤོས་སྐབས་500ལྷག་ཙམ་ཟིན་པ་མ་ཟད། ད་དུང་ཝ་དམར་དང་། ཤྭ་བ་སེར་ཆེན། བྱ་རྒོད་སོགས་ས་མཐོའི་དམིགས་བསལ་རི་སྐྱེས་སྲོག་ཆགས་ཀྱང་མཐོང་རྒྱུ་ཡོད་པ་རེད།