གངས་ལྗོངས་ས་མཐོའི་ནམ་མཁའ་གཡའ་དག་ཅིང་མཁའ་རླུང་གཙང་བ།
—— ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་ཁོར་ཡུག་དང་མཁའ་རླུང་སྤུས་ཚད་སྤྱི་ཡོངས་ནས་ཡག་པོ་ཡོད་པ།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ཐཱན་རྩེར་སོན་གྱི་ལག་བསྟར་ཇུས་གཞི་དོན་འཁྱོལ་ཧུར་ཐག་བྱས་ནས《གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་འཆར་འགོད(2021ལོ་ནས་2030ལོའི་བར)》དང《སྦགས་འཕྲི་ཐཱན་གཅོག་གི་ནུས་པ་མཉམ་དུ་ཆེ་རུ་གཏོང་བའི་ལག་བསྟར་ཇུས་གཞི》བཏོན་ཏེ། གཙོ་གནད་ཁྱབ་ཁོངས་ཀྱི་སྦགས་འཕྲི་ཐཱན་གཅོག་གི་བྱ་སྤྱོད་དང་གཙོ་གནད་ལས་རིགས་ཀྱི་དྲོད་ཁང་རླངས་གཟུགས་ཀྱི་ཐཱན་འབུད་ཚད་ལ་ཞིབ་དཔྱད་བྱས་པས་ལྗོངས་ཡོངས་ཀྱི་ཁོར་ཡུག་དང་མཁའ་རླུང་གི་སྤུས་ཚད་སྤྱི་ཡོངས་ནས་ཡག་པོ་ཡོད་པ་རེད།
འདི་ལོའི་ལོ་སྟོད་དུ། ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)7གྱི་ཁོར་ཡུག་དང་མཁའ་རླུང་གི་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་96.9%ཟིན་ནས་ཁོར་ཡུག་དང་མཁའ་རླུང་སྲུང་སྐྱོང་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།
གྲོང་ཁྱེར་གྱི་ཐལ་རྡུལ་དང་དྲི་ངན་དབྱང་རླུང་གི་སྦགས་བཙོག་སྔོན་འགོག་དང་ཚོད་འཛིན་ཧུར་ཐག་བྱས་པ།
ལྷ་ས་གྲོང་ཁྱེར་ལ་དཔེ་བཞག་ན། ལུང་གཞུང་དང་ཅུང་སྐམ་ཤས་ཆེ་བའི་གནམ་གཤིས་སོགས་རང་བྱུང་ས་ཁམས་ཆ་རྐྱེན་གྱི་ཤུགས་རྐྱེན་ཐེབས་པ་ཕུད། མི་འབོར་མང་བ་དང་། དཔལ་འབྱོར་འཕེལ་རྒྱས་ཅུང་མགྱོགས་པ། དེ་བཞིན་བཟོ་ལས་ཀྱི་རླངས་རོ་དང་། རླངས་འཁོར་གྱི་མཇུག་རླངས། ཨར་སྐྲུན་བྱ་ཡུལ་གྱི་ཐལ་རྡུལ་སོགས་ཕྱིར་འབུད་བྱེད་ཚད་མང་བས་གྲོང་ཁྱེར་གྱི་ཐལ་རྡུལ་དང་དྲི་ངན་དབྱང་རླུང་སོགས་འབྲེལ་ཡོད་སྦགས་བཙོག་དངོས་པོའི་གར་ཚད་མཐོ་པོ་ཡོད།
གནད་དོན་ལ་དམིགས་ནས་རང་ལྗོངས་ཀྱིས《མཁའ་རླུང་གི་སྤུས་ཚད་རྒྱུན་མཐུད་ལེགས་སུ་གཏོང་བའི་བྱ་སྤྱོད་ཀྱི་ལག་བསྟར་ཇུས་གཞི》ཧུར་ཐག་བཟོས་ནས། ལྗོངས་ཡོངས་ཀྱི་ཐལ་རྡུལ་དང་དྲི་ངན་དབྱང་རླུང་མཉམ་དུ་ཚོད་འཛིན་བྱེད་པའི་ཆེད་དོན་བརྟག་དཔྱད་དང་ལྟ་ཞིབ་ཚད་ལེན་དང་འབྱུང་ཁུངས་དབྱེ་ཞིབ་ལས་དོན་སྤེལ་ཏེ། སྦགས་བཙོག་གི་འབྱུང་ཁུངས་དང་། གྲུབ་པའི་རྐྱེན་རྩ། བརྒྱུད་གཏོང་ཐབས་ལམ་བཅས་བརྒྱུད་རིམ་ལྡན་པའི་སྒོ་ནས་རྩད་གཅོད་མཐའ་གསལ་བྱས་ཡོད། 《མཁའ་རླུང་གི་སྤུས་ཚད་ལེགས་པོ་རྒྱུན་འཁྱོངས་འཆར་འགོད》དང《“ལོ་ལྔ་ཚན་བཅུ་བཞི་པའི”མཁའ་རླུང་གི་སྦགས་བཙོག་དང་འཛེར་སྒྲ་འགོག་བཅོས་ལག་བསྟར་ཇུས་གཞི》ལག་བསྟར་བྱས་ཏེ། ཁྲའེ་ཡིའུ་སྣུམ་གྱི་ཟོག་འདྲེན་རླངས་འཁོར་གྱི་སྦགས་བཙོག་བཅོས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། ཉེར་སྤྱོད་འཕྲུལ་སྒུལ་འཁོར་རིགས་ཀྱི་མཇུག་རླངས་ལྟ་འདོམས་ཀྱི་རིམ་གསུམ་དྲ་སྦྲེལ་ལས་སྟེགས་བསྐྲུན་པ། འཕྲུལ་སྒུལ་འཁོར་རིགས་ཀྱི་རྒྱལ་ཁབ་ཀྱི་དུས་མཚམས་དྲུག་པའི་འཕྲུལ་སྒུལ་རླངས་འཁོར་གྱི་སྦགས་བཙོག་ཕྱིར་འབུད་ཚད་གཞི་ལག་བསྟར་བྱས་པ། གྲོང་ཁྱེར(ས་ཁུལ)7གྱི་འགྲོ་ལམ་ཐོག་སྐྱོད་མི་ཆོག་པའི་སྒུལ་བདེའི་འཕྲུལ་ཆས་ཁུལ་དབྱེ་བ་བཅས་བྱས་པ་དང་། ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་757ཁྱབ་གདལ་བཏང་བ་དེས་བསྡུར་ཚད་85.34%བཟུང་ཡོད། འགྱུར་རྡོ་མིན་པའི་ནུས་རྒྱུས་ནུས་རྒྱུའི་འཛད་སྤྱོད་བསྡོམས་འབོར་ཁྲོད་བཟུང་བའི་བསྡུར་ཚད་50%བརྒལ་ནས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།
ལྗང་མདོག་ཐཱན་ཉུང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ།
2015ལོར་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱིས“བོད་གློག་ཕྱིར་གཏོང”གི་ལེའུ་གསར་པ་བརྩམས་ཡོད། 2020ལོར་རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སིས“2021ལོ་ནས་2023ལོའི་བར་གྱི་ཆན་ཝ་ཆུ་ཚོད་དུང་ཕྱུར་61ཟིན་པའི་བོད་ཀྱི་ནུས་རྒྱུ་གཙང་མ་འདྲེན་སྤྱོད་སྒྲོམ་གཞིའི་གྲོས་མཐུན”བཞག་ནས། བོད་ཀྱི་ཆུ་གློག་དང་འོད་ཤུགས་སོགས་ནུས་རྒྱུ་གཙང་མ་དག་ཡཱ་ཀྲུང་དང་། ཧྲའོ་དབྱི། ཆིང་ཡུས། ལིན་ཧྲའོ་སོགས་ཀྱི་གློག་ཆེན་ཐད་རྒྱུག་བརྒྱུད་ལོ་ལྟར་དབུས་ཤར་ས་ཁུལ་གྱི་ཞིང་ཆེན(གྲོང་ཁྱེར)11ལ་བེད་སྤྱོད་བྱེད་ཀྱི་ཡོད།
འདི་ལོའི་ཟླ་9ཚེས་30ཉིན་བར་རང་ལྗོངས་ཀྱིས་རིམ་རྩིས་བརྒྱབ་ན། ནུས་རྒྱུ་གཙང་མ་ཕྱིར་གཏོང་བྱེད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་154.22ཟིན་ཡོད།
“‘བོད་གློག་ཕྱིར་གཏོང’བྱས་པ་དེས་བོད་ཀྱི་ནུས་རྒྱུ་གཙང་མ་གཞི་ཁྱོན་ཆེ་ཤོས་ཀྱི་སྒོ་ནས་སྤྱོད་པ་དང་ཤུགས་རྐྱེན་ཐེབས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཅས་ལ་སྐུལ་མ་ཐེབས་པ་མ་ཟད། བོད་ཀྱི་ཐོན་ཁུངས་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་ནས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྒྱུན་མཐུད་རྟེན་གཞི་མགྱོགས་མྱུར་བསྐྲུན་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད”ཅེས་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱི་ཏུང་ཧྲི་ཀྲང་དང་ཏང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཏུང་ཁྲང་གིས་བཤད།
ཉེ་བའི་ལོ་ཤས་རིང་། མཚོ་བོད་ས་མཐོ་ཧྲིལ་པོར་ཐཱན་སྙོམ་མངོན་འགྱུར་བྱུང་བ་དང་རང་ལྗོངས་ཀྱིས་ཨར་འདམ་དང་། མདོག་ལྡན། ཚ་ནུས་མཁོ་འདོན། དམངས་སྤྱོད་མཁའ་འགྲུལ་སོགས་གཙོ་གནད་ལས་རིགས་24ཡི་ཐཱན་འབུད་ཞིབ་བཤེར་ལས་དོན་ཧུར་ཐག་སྤེལ་ཡོད། 2023ལོའི་ལོ་མཇུག་བར། ལྗོངས་ཡོངས་སུ་གློག་ཤུགས་ཀྱི་གློག་འདོན་ཤུགས་ཆན་ཝ་ཁྲི་758ཟིན་པ་དང་ནུས་རྒྱུ་གཙང་མའི་གློག་ཤུགས་ཀྱི་གློག་འདོན་ཤུགས་ཀྱི་བསྡུར་གྲངས་བཟུང་ཚད་95.1%ཟིན་ཡོད་པ་རེད།
ཁྲིམས་སྒྱུར་ལྟ་འདོམས་དང་ལྟ་ཞིབ་ཚད་ལེན་ཚོད་སྐོར་གྱི་བྱེད་སྒོ་ནན་ཏན་སྤེལ་བ།
2023ལོའི་ཟླ་5པར། རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་དང་ཀྲུང་གོ་ཁོར་ཡུག་ལྟ་ཞིབ་ཚད་ལེན་སྤྱི་ཁྱབ་ས་ཚིགས་གཉིས་ཀྱིས་ལྷ་སར་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཞག་པ་དང་འབྲེལ་ཧྲང་ཧའེ་དང་། ཅང་སུའུ། ཧེ་ལུང་ཅང་སོགས་ཞིང་ཆེན་དང་གྲོང་ཁྱེར་གྱི་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་དང་འབྲི་ཆུ་ཅུས་ལྟ་ཞིབ་ཚད་ལེན་ཚན་ཞིབ་ལྟེ་གནས་སོགས་དང་མཉམ་འབྲེལ་གྱིས་དྲ་ཐོག་དང་དྲ་ཕྱི་བརྒྱུད་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ནས་མཉམ་དུ་སློབ་སྦྱོང་དང་ཞིབ་འཇུག་བྱས་པ་རེད།
མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་གཞིར་བཟུང་། ཕྱོགས་གཉིས་པོས་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་ཐད་ཀའི་དོ་དམ་སྒྱུར་བཅོས་དང་། དྲ་རྒྱ་ལེགས་སྒྱུར། ནུས་པ་མཐོར་འདེགས། ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གཙོ་གནད་ཐོག་ཤུགས་སྣོན་བརྒྱབ་ནས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་མ་ལག་གི་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
འདི་ལོའི་ལོ་སྟོད་དུ། རང་ལྗོངས་ཀྱིས་ཁོར་ཡུག་ཁྲིམས་སྒྱུར་གྱི“དམག་སྦྱོང་ཆེན་པོའི”བྱེད་སྒོ་རྒྱུན་མཐུད་སྤེལ་བ་དང་རླུང་ཁམས་ཆེན་མོ་སོགས་ཁོར་ཡུག་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་ཁྲིམས་སྒྱུར་རོགས་སྐྱོར་བྱས་ཏེ། རིམ་རྩིས་བརྒྱབ་ན་རླུང་ཁམས་ཆེན་མོའི་ཁྱབ་ཁོངས་ཚུད་པའི་ཁོར་ཡུག་གི་ཁྲིམས་འགལ་གྱོད་གཞི་ཁག་50ཞིབ་བཤེར་ཐག་གཅོད་བྱས་པ་དང་དངུལ་ཆད་སྒོར་ཁྲི་857བཏང་བ་རེད། མཁའ་རླུང་སོགས་ཀྱི་ལྟ་ཞིབ་ཚད་ལེན་ལས་དོན་ཟླ་རེ་བཞིན་ལེགས་གྲུབ་བྱས་པ་དང་རིམ་རྩིས་བརྒྱབ་ན་རླུང་ཁམས་ཆེན་མོའི་ཁྱབ་ཁོངས་ཚུད་པའི་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་ཁྲི་26ལྷག་ཙམ་ཤེས་རྟོགས་ཐུབ་པ་དང་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི“དྲག་རྩལ་འགྲན་བསྡུར”གྱི་བྱེད་སྒོ་སྐབས་བཞི་པ་སྤེལ་བ་རེད།