དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • རྒྱལ་སྤྱིའི་ཡུལ་སྐོར་ཚོང་གཉེར་བ་དང་མཉམ་དུ་དགུན་དུས་བོད་དུ་ཡུལ་སྐོར་བྱེད་པ།

    རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་དང་ས་མཐོའི་ཡུལ་གོམས་གཤིས་ལུགས་ལ་ཉམས་ལེན་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-11

    བརྗིད་ཆགས་གངས་རིས་བསྐོར་ཞིང་སྔོ་ཞིང་དྭངས་བའི་མཚོ་དང་མཚེའུ་ཡིས་བརྒྱན་པའི་བོད་ཀྱི་ས་གཙང་དེར་ཐུན་མོང་མ་ཡིན་པའི་ས་མཐོའི་ཡུལ་ལྗོངས་དང་རྩ་ཆེའི་སྲོག་ཆགས་ཀྱི་ཁྱུ་ཚོགས་སྣ་ཁ་འཛོམས་པའི་རྩི་ཤིང་གིས་ཁེངས་པས་ཡུལ་སྐོར་བ་སྐྱོད་འདོད་ཀྱི་གནས་བཟང་དུ་གྱུར་བ་མ་ཟད། གང་དེའི་བཀྲག་མདངས་འཚེར་བའི་རིག་གནས་ཤུལ་བཞག་དང་སྣ་མང་ཕུན་སུམ་ཚོགས་པའི་དམངས་སྲོལ་ལས་ཡུལ་སྐོར་བ་གྲངས་ལས་འདས་པ་དེ་གར་ཞེན་ཆགས་ནས་ལོག་མི་འདོད་པར་གྱུར་ཡོད།

    ཟླ་10ཚེས་18ཉིན“ཉི་འོད་ཕྱོགས་སུ་ཐོན། དགུན་དུས་བོད་དུ་ཡུལ་སྐོར་བྱེད——2024“དགུན་དུས་བོད་དུ་ཡུལ་སྐོར་བྱེད”ཅེས་པའི་འགོ་ཚུགས་མཛད་སྒོའི་རིམ་སྤེལ་བྱེད་སྒོ་བོད་ལྗོངས་ཟློས་གར་ཁང་ཆེན་མོར་སྤེལ་བ་དེ་ཐོག་ནས་2024“དགུན་དུས་བོད་དུ་ཡུལ་སྐོར་བྱེད”ཅེས་པ་དངོས་སུ་འགོ་ཚུགས་པ་མཚོན་ཡོད། དེ་རྗེས། རྒྱལ་སྤྱིའི་ཡུལ་སྐོར་ཚོང་གཉེར་བས་བོད་དུ་སྐྱོད་པའི་བྱེད་སྒོ་སྤེལ་བ་དང་། འཇར་མན་དང་། ཧྥ་རན་སེ། ནེ་པ་ལ་སོགས་རྒྱལ་མཚམས་སྒྲོལ་བའི་ཡུལ་སྐོར་ཁྲོམ་ར་གལ་ཆེན་ནས་ཡོང་བའི་ཡུལ་སྐོར་ཚོང་གཉེར་བས་38སྔ་རྗེས་སུ་ལྷ་ས་དང་། ལྷོ་ཁ། གཞིས་རྩེ་སོགས་སུ་བསྐྱོད་དེ་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་དང་བོད་ཀྱི་དམིགས་བསལ་ཡུལ་གོམས་གཤིས་ལུགས་ལ་ཉམས་ལེན་བྱས་པ་རེད།

    ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་ལྕེ་བདེ་ཞོལ་གྱི་པང་གདན་འཐག་རྩལ་འགྲེམས་སྟོན་ལྟེ་གནས་སུ་ལྟ་སྐོར་བྱེད་སྐབས་མར་ཏི་ཝེ་ནས་ཡོང་བའི་སྨིར་ས་ཏེས་ཡ་མཚན་ཆེན་པོས“དེ་དག་ཚང་མ་བལ་ལས་བཏགས་པ་ཡིན་ནམ། གཅིག་འཐག་པར་དུས་ཚོད་ག་ཚོད་དགོས་སམ། ཤིང་ལས་བཟོས་པའི་འཐག་ཁྲི་དེ་སྤྱོད་བདེ་པོ་ཡོད་དམ”ཞེས་པ་སོགས་དྲིས། ལས་ཀ་བྱེད་མཁན་གྱིས“བལ་ལས་བཏགས་པ་ཤ་སྟག་རེད། ཟླ་ཕྱེད་ཙམ་འགོར་གྱི་ཡོད། འཐག་ཁྲི་འདི་སྤྱོད་བདེ་པོ་ཡོད”ཅེས་ངང་རྒྱུད་རིང་པོས་ལན་བཏབ།

    གངས་ལྗོངས་ས་མཐོར་པང་གདན་ནི་མཛེས་རྒྱན་དང་གྲང་འགོག་སོགས་ཀྱི་ནུས་པ་ལྡན་པས་རྒྱ་ཆེའི་བོད་རིགས་བུད་མེད་ཚོས་ཧ་ཅང་དགའ་པོ་བྱེད་པའི་རྒྱན་གོས་ཤིག་རེད། དེའི་ནང་ནས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་ལྕེ་བདེ་ཞོལ་གྲོང་རྡལ་གྱི་པང་གདན་ནི་སྐད་གྲགས་ཆེ་ཤོས་ཡིན་ཞིང་། འདི་ག་ནས་བཏགས་པའི་པང་གདན་བཟོ་རྩལ་ལེགས་པ་དང་། སྤུས་ཀ་དག་པ། ལོ་རྒྱུས་ཡུན་རིང་ལྡན་པ་བཅས་ཡོད་པས“པང་གདན་གྱི་ཕ་ཡུལ”ཞེས་འབོད་སྲོལ་ཡོད།

    གོང་དཀར་རྫོང་ནས་སྤྱི་ལེ་96ཙམ་བསྐྱོད་རྗེས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱི་ཐེར་མ་ལག་ཤེས་འཁེལ་འཐག་ཆེད་ལས་མཉམ་ལས་ཁང་དུ་འབྱོར། ཁུ་ལུའི་ཁ་དཀྲིས་དང་། སྟོད་ལྷེ། སྣམ་ཆས། ཞྭ་ལྷམ་སོགས་ཚོང་སྒྲོམ་ཐོག་གྲལ་སྟར་འགྲིག་པོས་བཞག་ཡོད་པ་ལས“རྩེད་ཐེར”ཞེས་པའི་ཚོང་རྟཌ་དེ་མངོན་གསལ་ཧ་ཅང་དོད་པོ་འདུག “རྩེད་ཐེར”ཞེས་པ་ནི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་རྩེད་ཐང་གྲོང་རྡལ་ལ་དམིགས་བསལ་དུ་ཡོད་པའི་སྤུས་དག་གི་བལ་དང་ཁུ་ལུས་བཏགས་པའི་ཐེར་མའི་འཁལ་འཐག་ཐོན་རྫས་ཤིག་ཡིན་ཞིང་། དེའི་ཐོན་སྐྱེད་ལག་རྩལ་ལ་ལོ་ངོ་སྟོང་ཡན་གྱི་ལོ་རྒྱུས་ལྡན་ཡོད།

    ནེ་པ་ལའི་སྐུ་མགྲོན་སི་ཉི་ཐན་གྱིས“པང་གདན་དང‘རྩེད་ཐེར’གང་ཞིག་ཡིན་རུང་ཚང་མར་དམིགས་བསལ་གྱི་དྲས་བཏུབ་དང་། སྤུས་དག་གི་ཕར་ཆིན། ཚོན་མདོག་རྣམ་པར་བཀྲ་བ་བཅས་ཀྱི་བོད་རིགས་ཀྱི་ཁྱད་ཆོས་ལྡན་ཡོད། དེའི་རིག་གནས་ཀྱི་ནང་དོན་དང་བཟོ་རྩལ་ཤེས་རྟོགས་བྱུང་རྗེས་ངའི་ཡིད་དབང་དེ་བས་འཕྲོག་སོང”ཞེས་བཤད།

    “དངོས་གནས་ཧང་སངས་དགོས་པ་ཞིག་འདུག”གྲ་ནང་རྫོང་ཤིག་བརྐོས་བཟོ་ལས་གླིང་གི་རྫིག་ཉམས་དོད་པ་དང་། མངོན་སུམ་འཁྲུལ་མེད། སྣ་མང་ཕུན་སུམ་ཚོགས་པ་བཅས་ཀྱི་བརྐོས་དཀྲོལ་ལས་སྐུ་མགྲོན་ཚོའི་ཡིད་དབང་རབ་ཏུ་འཕྲོག འགྲེལ་བཤད་རྒྱག་མཁན་གྱིས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཡིན་པའི་ཤིག་བརྐོས་བཟོ་རྩལ་གྱི་རྒྱུན་འཛིན་སྐོར་མང་པོ་ཞིག་ངོ་སྤྲོད་བྱས་པ་སྟེ། “ལོ་མང་རིང་། རང་ལྗོངས་ཀྱི་རིམ་ཁག་སྲིད་གཞུང་གིས་མཐོང་ཆེན་དང་སྲུང་སྐྱོང་བྱས་པ་བརྒྱུད་ལོ་300ལྷག་ཙམ་རྒྱུན་འཛིན་བྱས་པའི་གྲ་ནང་ཤིག་བརྐོས་བཟོ་རྩལ་རྒྱུན་ཆད་མེད་པར་དར་རྒྱས་ཆེན་པོ་བྱུང་ནས་ཁྲོམ་རའི་ཐོག་སྐྱོད་བཞིན་ཡོད”ཅེས་བཤད།

    ལག་ཤེས་བསླས་འཐག་དང་། ཐང་ག ཤིང་བརྐོས། བོད་ཆས་སོགས་བོད་ཀྱི་དམངས་སྲོལ་རིག་གནས་དེ་དག་ཙམ་གྱིས་མི་ཚད་པར་ད་དུང་དམངས་ཁྲོད་རྩོམ་རིག་དང་། སྲོལ་རྒྱུན་གྱི་ཞབས་བྲོ། སྲོལ་རྒྱུན་གྱི་ཟློས་གར་སོགས་ཚུད་པའི་མངོན་མིན་རིག་གནས་ཤུལ་བཞག་ཀྱང་ཡོད་པ་རེད།

    “ཡར་ཀླུང་བཀྲ་ཤིས་ཞོལ་པ”ཞེས་པའི་ལྷ་མོ་ལོ་600ལྷག་ཙམ་རྒྱུན་འཛིན་བྱས་པ་དང་སྐད་གྲགས་ཆེན་པོ་ཡོད་ཅིང་། དེ་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་དང་པོའི་གྲས་རེད། སྐུ་མགྲོན་ཚོགས་པ་ལྷ་མོའི་གྲོང་ཚོ་དང་པོ་སྟེ། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་དུ་འབྱོར། སྐུ་མགྲོན་ཚོས་བོད་རིགས་མང་ཚོགས་དང་མཉམ་དུ་ལྷ་མོར་ལྟ་བ་དང་། ཞིམ་ཟས་ཀྱི་བྲོ་བ་མྱོང་བ། གླུ་གར་ལ་མྱོང་རོལ། གླུ་ལེན་གར་འཁྲབ་བཅས་བྱས་ཏེ་དགའ་སྤྲོ་འཁོལ་ལ་བརྗེད་པར་དཀའ་བའི་མཚན་མོ་ཞིག་མཉམ་དུ་བསྐྱལ་བ་རེད།

    “དེ་རིང་ངས་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་ནས་འཁྲུག་ཆ་དོད་པའི་བོད་ཀྱི་ཞབས་བྲོར་བལྟས་པ་ཡིན། རོལ་དབྱངས་གྲགས་མ་ཐག་འདི་གར་ཡོད་པའི་ཕོ་མོ་རྒན་གཞོན་ཚང་མས་དབྱངས་ཀྱི་འགྱུར་ཁུག་དང་བསྟུན་ནས་ཞབས་བྲོ་འཁྲབ་ཀྱི་འདུག བོད་དུ་བྱེད་སྒོ་འདི་ལྟ་བུ་ཉིན་ལྟར་སྤེལ་གྱི་ཡོད་པ་གོ་ཐོས་བྱུང་། སླད་ཕྱིན་ད་དུང་ཉམས་ལེན་བྱེད་པའི་གོ་སྐབས་ཐོབ་རེ་བྱེད་ཀྱི་ཡོད”ཅེས་ཨུ་རུ་སུ་ནས་ཡིན་པའི་ཨན་ནཱས་སེམས་འགུལ་ཆེན་པོ་ཐེབས་བཞིན་དེ་ལྟར་བཤད།

    ལྷོ་ཁ་གྲོང་ཁྱེར་ནས་ཁ་གྱེས་རྗེས་སྐུ་མགྲོན་ཚོགས་པ་དང་བཅས་པ་རླངས་འཁོར་ལ་བསྡད་དེ་གཞིས་རྩེ་གྲོང་ཁྱེར་དུ་འབྱོར་ཞིང་། རྒྱལ་རྩེ་རྫོང་གི་རུམ་འཐག་བཟོ་གྲྭ་དང་། རྒྱལ་རྩེ་རྫོང་གནའ་བོའི་མཁར་རྫོང་། ཕ་ལྷ་གཞིས་ཀ ཞ་ལུ་དགོན་སོགས་སུ་བསྐྱོད་དེ་ས་གནས་ས་ཐོག་ཏུ་ལྟ་ཞིབ་དང་ཡུལ་སྐོར་སྣེ་ཤན་པའི་འགྲེལ་བཤད་ཉན་ནས་ས་གནས་དེ་གའི་ཕུན་སུམ་ཚོགས་པའི་ལོ་རྒྱུས་རིག་གནས་ཤེས་རྟོགས་ཞིབ་ཕྲ་དང་མངོན་མིན་རིག་གནས་ཤུལ་བཞག་ལག་ཤེས་དང་དམངས་སྲོལ་གོམས་གཤིས་ལ་ཉམས་ལེན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།