ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་གིས།
“དྲ་ཐོག་གྲགས་ཅན”གསོ་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ནས་རིག་གནས་ཡུལ་སྐོར་འཕེལ་རྒྱས་ལ་རམ་འདེགས་བྱས་པ།
རིག་གནས་ཡུལ་སྐོར་ཐོན་ཁུངས་དྲིལ་བསྒྲགས་འོས་སྦྱོར་བྱེད་ཤུགས་ཆེ་རུ་རྒྱུན་མཐུད་གཏོང་ཆེད། ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་གིས་བརྟག་ཞིབ་མཐིལ་རྟོགས་དང་། གསོ་སྦྱོང་སྒྲིག་འཛུགས། འདེགས་སྐྱོར་ཁྲིད་སྟོན་སོགས་ཀྱི་བྱ་ཐབས་བརྒྱུད་དྲ་ཐོག་གྲགས་ཅན་དང་། ཟོག་ཚོང་བརྡར་པ། འགྲེལ་བཤད་པ་སོགས་གསོ་སྐྱོང་བྱེད་ཤུགས་ཆེ་རུ་ཏན་ཏིག་བཏང་སྟེ“དྲ་ཐོག་གྲགས་ཅན”ལ་བརྟེན་ནས་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་འོས་སྦྱོར་ལ་རམ་འདེགས་བྱས་ནས། ལྷོ་རོང་གི་རིག་གནས་ཡུལ་སྐོར་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་མཐོ་རུ་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་རྒྱུན་ཆད་མེད་པར་བཏང་བ་རེད།
“དྲ་ཐོག་གྲགས་ཅན”གསོ་སྐྱོང་ལས་དོན་ལ་གནད་ལ་འཁེལ་བའི་གྲངས་གཞི་ངོ་མའི་རྒྱབ་སྐྱོར་བྱ་ཆེད། ད་ལོ་ཚུན། ལྷོ་རོང་རྫོང་ཨུད་དྲིལ་བསྒྲགས་པུས་ངོ་ཐུག་གདོང་འཕྲད་ཀྱི་བཞུགས་མོལ་དང་། ཁ་པར་ཐོག་ནས་བཅར་འདྲི། ས་ཡུལ་དངོས་སུ་རྟོག་ཞིབ་སོགས་ཀྱི་ཐབས་ལམ་སྣ་ཚོགས་བརྒྱུད། ཤང(གྲོང་རྡལ)དང་གྲོང་ཚོ(སྡེ་ཁུལ)ཁག་དང་དེ་བཞིན་སྲིད་གཞུང་གི་སྡེ་ཚན་ཁག་ཏུ་ལེབ་བཤེར་གཏིང་ཟབ་བྱས་ཏེ། ས་གནས་དེ་གའི་དྲ་རྒྱའི་རིག་གནས་འཕེལ་རྒྱས་ཀྱི་ད་ཡོད་གནས་ཚུལ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱས་པ་རེད། དུས་འགོའི་བརྟག་ཞིབ་གཏིང་ཟབ་བྱས་པ་བརྒྱུད། མཐར་བྱང་ཚད་མཐོ་བ་དང་། རྣམ་པ་ལེགས་པ། ཞུགས་འདོད་ཡོད་པ་བཅས་ཀྱི་དྲ་རྒྱའི་མི་སྣ་དང་མཛེས་ལྗོངས་ས་ཚིགས་འགྲེལ་བཤད་པ་སོགས་མི་28གཏན་འཁེལ་བྱས་ནས་གསོ་སྦྱོང་བྱས་པ་རེད།