རི་ཆུ་མཛེས་པའི་ཡུལ་སྐོར་དར། གྲོང་གསེབ་མང་ཚོགས་ཕྱུག་པོར་གྱུར།
ཉིང་ཁྲི་གྲོང་ཁྱེར་སྦེ་པ་གྲོང་ཚོས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ་སྒར་ས་བསྐྲུན་ནས་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་བ།
འདི་ནི་ད་ཆ་ཡུལ་སྐོར་བའི་འགྲོ་ཡུལ་སྦེ་པ་སྲོང་བཙན་སྒར་སར་བསྐྱོད་སའི་སྦེ་པ་གྲོང་ཚོའི་དཔྱང་ཟམ་ཡིན་པ།
ཉིང་ཁྲི་གྲོང་ཁྱེར་སྦེ་པ་ཆུས་སྦེ་པ་གྲོང་རྡལ་སྦེ་པ་གྲོང་ཚོར་ཡུལ་སྐོར་བ་རི་བོ་དང་། ཆུ་མོ། ནགས་ཚལ་བཅས་ལ་ཡུལ་སྐོར་དུ་སྐྱོད་ས་བཟོས་པས། སྦེ་པ་གྲོང་ཚོའི་ཡུལ་མི་རྣམས་ཞི་མཐུན་དང་མཛེས་ལྗོངས་ཁྲོད་ནས་ཡུལ་སྐོར་ཡོང་འབབ་གསོག་ཐུབ་པ་བྱུང་ཡོད།
“དེ་སྔོན་ང་ཚོའི་གྲོང་ཚོར་ས་ཞིང་བརྒྱུད་བཤུག་གི་བོགས་དངུལ་མ་གཏོགས་ཡོང་འབབ་གཞན་མེད། གང་ལགས་ཤེ་ན། གྲོང་ཚོར་སྐྱོད་སྐབས་ངེས་པར་དུ་དཔྱང་ཟམ་ཞིག་བརྒྱུད་དགོས་པས་འགྲིམ་འགྲུལ་སྟབས་བདེ་པོ་མེད་ལ། དེར་ས་ཆ་བོགས་མར་ལེན་མཁན་ཁེ་ལས་བརྟན་པོ་མེད་ལ། ཆ་སྙོམས་ལོ་གཅིག་ནས་གསུམ་ཙམ་བར་ལས་ས་ཆ་བོགས་མར་ལེན་གྱི་མེད”ཅེས་སྦེ་པ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་དབང་དར་རྒྱས་ཀྱིས་དེ་སྔའི་གནས་ཚུལ་སྐོར་གསར་འགོད་པར་བཤད། 2022ལོ་ནི་ལོ་རྒྱུས་ཀྱི་ཀྱོག་མཚམས་ཤིག་རེད། དེའང་དམིགས་བསལ་གྱི་ས་བབ་ཆགས་སྟངས་དང་རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆ་ལྡན་པའི་དབང་གིས་སྲོང་བཙན་ཚོགས་པ་སྦེ་པ་གྲོང་ཚོར་ཆེད་དུ་གཞིས་ཆགས་ཤིང་། སྦེ་པ་གྲོང་ཚོའི་ཏང་ཀྲི་པུས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ནས་ཡུལ་མི་དང་ཁེ་ལས་ཀྱི་སྣེ་ཁྲིད་དེ་མཉམ་ལས་ཟབ་ཏུ་བཏང་སྟབས། “རང་འགུལ་ངང་ཞབས་འདེགས་ཞུ་བ་དང་། ཡུན་རིང་ཕན་པ་ཐོབ་པར་བྱེད་པའི”ཐུན་མོང་གི་ངོས་འཛིན་གཅིག་གྱུར་བྱུང་བ་མ་ཟད། “བོགས་དངུལ་རྩ་ཆག་གཏོང་བ་དང་། བཅའ་སྡོད་ཀྱི་མ་གནས་ཉུང་འཕྲི་བྱེད་པའི”ཚོང་འགུགས་ཀྱི་བྱ་ཐབས་བཏོན་པས་སྲོང་བཙན་སྒར་སའི་རྣམ་གྲངས་སྦེ་པ་གྲོང་ཚོར་གཞིས་ཆགས་ཐུབ་པ་བྱུང་ཡོད།
སྦེ་པ་སྲོང་བཙན་སྒར་སའི་འགན་འཁུར་བ་ཅུའུ་ཙེ་ཅིང་གིས། མིག་སྔར་སྒར་སར་སྡོད་མཁན་ཚོང་ཤག་ཅུང་བརྟན་པོ་ཡོད་པ་དང་། ཡུལ་སྐོར་བ་མང་བའི་སྐབས་ཟླ་རེར་ཆ་སྙོམས་ལས་གཉེར་དངུལ་འབོར་སྒོར་ཁྲི་100ཡན་ཡོང་བ་དང་། ཡུལ་སྐོར་བ་ཉུང་བའི་སྐབས་སུའང་ཡོང་འབབ་སྒོར་ཁྲི་60ནས་སྒོར་ཁྲི་70བར་རག་གི་འདུག་ཅེས་ངོ་སྤྲོད་བྱས།
སྒར་སར་ལས་གཉེར་ཡོང་འབབ་མི་ཉུང་བ་ཞིག་བྱུང་བ་ནི་སྦེ་པ་གྲོང་ཚོའི་ཡོང་འབབ་བརྟན་པོ་ཡོང་བའི་འགན་ལེན་ཞིག་རེད། ཚེ་དབང་དར་རྒྱས་ཀྱིས“ད་ཆ་སྒར་སར་ཡུལ་སྐོར་བ་སྡོད་མཁན་བྱུང་ཚེ། ཁང་མིག་རེ་ནས་གྲོང་ཚོར་བགོ་འགྲེམས་རག་གི་རེད། 2023ལོར་བགོ་འགྲེམས་ཁོ་ནར་སྒོར་ཁྲི་80ལྷག་ཙམ་ཟིན་པ་མ་ཟད། ཡུལ་མི་14སྒར་སར་གླ་པ་རྒྱུག་པར་ལོ་གཅིག་གི་གླ་ཆ་བསྡོམས་ཚེ་མ་མཐར་ཡང་སྒོར་ཁྲི་50ལྷག་ཙམ་ཡོད”ཅེས་བཤད།
“གྲོང་རྡལ་ནས་གྲོང་ཚོའི་བར་དཔྱང་ཟམ་ཞིག་བརྒྱུད་དགོས་པ་དང་། ཟམ་པའི་ཞེང་ཁ་ཆུང་བས་རླངས་འཁོར་རེ་མ་གཏོགས་ཐར་གྱི་མེད་པས། གྲོང་ཚོའི་འགྲུལ་བཞུད་ཀྱི་འགོག་རྐྱེན་དུ་གྱུར་མོད། ཡིན་ནའང་། དེའི་གཞོགས་གཉིས་ཀྱི་ཡུལ་ལྗོངས་ལྟ་ན་སྡུག་པར་བརྟེན་སྒར་སའི་ཡུལ་སྐོར་བས་ཆེད་དུ་པར་ལེན་བྱེད་པར་འགྲོ་ས་ཞིག་ཏུ་གྱུར་ཡོད”ཅེས་སྒར་སར་གླ་པ་རྒྱུག་མཁན་སྦེ་པ་གྲོང་ཚོའི་ཡུལ་མི་རྡོ་རྗེ་དབང་གྲགས་ཀྱིས་བཤད།
ཕུན་སུམ་ཚོགས་པའི་རི་ཆུའི་ཐོན་ཁུངས་དང་གྲོང་གསེབ་ཡུལ་སྐོར་ཟུང་དུ་སྦྲེལ་ནས་གྲོང་གསེབ་མཛེས་ཤིང་མང་ཚོགས་ཕྱུག་པ་དང་། ཐོན་ལས་དར་ཞིང་མང་ཚོགས་ཀྱི་ཧུར་སེམས་སྐོང་འཐེན་གང་ལེགས་ཐུབ་ནས་གྲོང་གསེབ་དར་རྒྱས་ཁྲོད་ཡུལ་སྐོར་ཐོན་ལས་ཀྱི་དམིགས་བསལ་ནུས་པ་སྦེ་པ་གྲོང་ཚོར་གང་ལེགས་མངོན་ཡོད།
“ང་ཚོས་ཁེ་ལས་དབར་མཉམ་ལས་དམ་ཟབ་བྱེད་ཤུགས་ཆེ་རུ་བཏང་སྟེ་ད་ཆའི་སྦེ་པ་སྲོང་བཙན་སྒར་སའི་རྨང་གཞིའི་ཐོག་མུ་མཐུད་ཁྱིམ་ཚང་མགྲོན་ཁང་སྤུས་དག་བཏོད་པ་དང་། ཞིང་ལས་དང་། རིག་གནས། ཡུལ་སྐོར་བཅས་མཉམ་འདྲེས་འཕེལ་རྒྱས་སྔར་བས་ཟབ་མོ་ཡོང་བར་བྱས་ནས་སྦེ་པ་གྲོང་ཚོའི་ཡུལ་སྐོར་བྱ་གཞག་རྩེ་གྲ་གཏོད་ཀྱི་ཡིན”ཞེས་སྦེ་པ་གྲོང་རྡལ་གྱི་ཀྲེན་ཀྲང་གཞོན་པ་དངོས་གྲུབ་ཀྱིས་བཤད།