དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • ཆབ་མདོས་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་བཏང་སྟེ“བོད་ཤར་མུ་ཏིག”གི་སྐད་གྲགས་ཆེ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-03

    ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་ལོ་རྒྱུས་གོ་སྐབས་དམ་འཛིན་ལྷོད་མེད་བྱས་ཏེ། རིག་གནས་ཤུལ་བཞག་ཕུན་སུམ་ཚོགས་པོ་དང་དམིགས་བསལ་གྱི་དམངས་སྲོལ་ཉམས་འགྱུར་ལ་བརྟེན་ནས“བོད་ཤར་མུ་ཏིག”ཉིད་མི་ཆོས་རིག་གནས་དང་རང་བྱུང་ཞི་མཐུན་མཉམ་གནས་དང་། སྲོལ་རྒྱུན་དང་དེང་རབས་གཅིག་ལ་གཅིག་བརྒྱན་གྱི་ཡུལ་སྐོར་གནས་མཆོག་ཅིག་ཏུ་གྱུར་ཡོད། འདི་གར་གནའ་བོའི་ཇ་རྟའི་གནའ་ལམ་དང་དེང་རབས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་དཔུང་པ་མཉམ་གཤིབ་ངང་མདུན་སྐྱོད་བྱས་ཏེ་ཆབ་མདོའི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ལེའུ་གསར་པ་མཉམ་དུ་བརྩམས་ནས་འཛམ་གླིང་ལ་སྲོལ་རྒྱུན་གྱི་ཉམས་འགྱུར་སྔར་བཞིན་གནས་ལ། དེང་རབས་ཀྱི་གསོན་ཤུགས་རྒྱས་པའི་ཆབ་མདོ་ཞིག་བསྟན་ཡོད།

    འདས་པའི་ལོ་གཅིག་ཙམ་གྱི་ནང་ཆབ་མདོ་གྲོང་ཁྱེར་ཡོངས་ཀྱི་རིག་གནས་དམངས་ཕན་བྱེད་སྒོ་མཚར་སྡུག་བཀྲ་བའི་མེ་ཏོག་ལྟར་རབ་ཏུ་བཞད་པ་སྟེ། དཔེར་ན“རིག་གནས་ཀྱི་བོད་ལྗོངས·མཁའ་དབྱིངས་ཀྱི་མཛེས་རིས”དང“དཔེ་དེབ་བཀླགས་ནས་དཔྱིད་གསར་བསུ། རིག་གནས་སྦྱངས་ནས་སེམས་ཀྱི་ཞིང་ས་བརླན”“འཚོ་བ་གསར་པ·དར་སྲོལ་གསར་པ·ལོ་གསར་རི་མོ་གསར་པ—ང་ཚོའི་འབྱོར་འབྲིང་འཚོ་བའི་མཛེས་རྩལ་གསར་གཏོད་འགྲེམས་སྟོན”སོགས་ཀྱི་བྱེད་སྒོ་གཅིག་མཇུག་གཉིས་མཐུད་ངང་སྤེལ་བ་དང་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཐེངས་2100ལྷག་ཙམ་བཤམས་པས། དྲ་ཐོག་དང་དྲ་ཕྱི་ནས་མང་ཚོགས་ལ་ཕན་ཐོགས་ཚད་མི་ཐེངས་ཁྲི་101ལྷག་ཙམ་ཟིན་ཡོད།

    ལོ་ལྟར་ཡུལ་སྐོར་བ་མང་བའི་དུས་སུ་ཆབ་མདོ་གྲོང་ཁྱེར་གྱི་རིགས་ཁག་གི་དུས་ཆེན་གྱི་དྲིལ་བསྒྲགས་བྱེད་སྒོའང་ངོ་མཚར་ཧ་ཅང་ཆེན་པོ་ཡོད་ཅིང་། ད་ལོའི་ཟླ་7པར། རྫ་ཆུའི་སྟོད་རྒྱུད་དུ“ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་སར”གྲགས་པའི་ཁ་རུབ་ཆུས་ཀརྨ་ཤང་དུ་མི་རིགས་ཁག་གི་བུ་ཕྲུག་ཚོས་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ཏེ་ལག་ཏུ་དཀར་གཙང་ཁ་བཏགས་ཁྱེར་ནས་ཕྱོགས་བཞིའི་མགྲོན་པོ་བསུས་ཏེ་ཁ་རུབ་ཆུས་ཀརྨ་རོང་རིག་གནས་ཡུལ་སྐོར་ཐོན་ལས་འོས་སྦྱོར་བྱེད་སྒོ་སྐབས་དང་པོ་གཉེར་བ་རེད།

    ཀརྨ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་བཀྲ་ཤིས་ཚེ་བརྟན་གྱིས་ད་ཐེངས་ཀྱི་བྱེད་སྒོ་གཉེར་བར་གཞོགས་འདེགས་བྱ་ཆེད། ཀརྨ་ཤང་གིས་མངོན་མིན་རིག་གནས་ཤུལ་བཞག་གི་འགྲེམས་སྟོན་ཁང་དང་། ཁྱད་ལྡན་དམངས་སྲོལ་གནས་ཚང་། ཕྱོགས་ཐོན་སྤྲོ་སྐྱིད་གླིང་སོགས་རིག་གནས་ཡུལ་སྐོར་གྱི་གཞི་རྟེན་དང་རིག་གནས་ཡུལ་སྐོར་གྱི་ཐོན་རྫས་50ལྷག་ཙམ་བཏོད་ཡོད། བྱེད་སྒོའི་དུས་འགོར་ས་ཆ་བོགས་མར་བཏང་བ་དང་གུར་བརྒྱབ་པ་སོགས་ལས་ཀརྨ་ཤང་གི་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་40ལྷག་ཙམ་བྱུང་ཡོད།

    གཞན་ཡང་ཆབ་མདོ་གྲོང་ཁྱེར་གྱི་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བཅུ་པ་དང་། “ངོ་མཚར་ཆེ་བའི་ཁམས་པའི་རིག་གནས་ཡུལ་སྐོར་ཟླ་བའི”བྱེད་སྒོ་སྐབས་དྲུག་པ། ཆབ་མདོ་གྲོང་ཁྱེར་གྱི“ངོ་མཚར་ཆེ་བའི་ཁམས་པ·བདེ་སྐྱིད་ལྡན་པའི་ཆབ་མདོའི”རིག་གནས་ཡུལ་སྐོར་གཟུགས་བརྙན་ཕོ་ཉའི་འདེམས་སྒྲུག་འགྲན་བསྡུར་སྐབས་དྲུག་པ་སོགས་ཀྱི་བྱེད་སྒོ་གཉེར་བ་བསྟུན་ནས་ཆབ་མདོའི་སྐད་གྲགས་ཀྱང་སྔར་བས་ཆེ་རུ་ཕྱིན་ཏེ་ཡུལ་སྐོར་བ་དེ་བས་མང་བ་ཡུལ་སྐོར་གཏིང་ཟབ་བྱེད་པར་ཡོང་རྒྱུའི་ཡིད་དབང་བཀུག་ཡོད། འདི་ལོའི་རིག་གནས་ཡུལ་སྐོར་ཟླ་བའི་བྱེད་སྒོ་སྤེལ་རིང་། ཁྱོན་བསྡོམས་ཡུལ་སྐོར་བ་མི་ཐེངས་ཁྲི་50ལྷག་ཙམ་ལ་སྣེ་ལེན་བྱས་པར་ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་4.12ལྷག་ཙམ་བྱུང་བ་དེ་2023ལོའི་དུས་མཚུངས་ལས་70%འཕར་བ་དང་། ཡུལ་སྐོར་མི་ཐེངས་དང་ཡུལ་སྐོར་ཡོང་འབབ་གཉིས་ཀ་ལོ་རྒྱུས་ཀྱི་མཐོ་ཚད་གསར་པར་སླེབས་ཏེ་ཆབ་མདོའི་རིག་གནས་ཡུལ་སྐོར་ཐོན་ལས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

    ད་ལོ་ཚུན་དུ་ཆབ་མདོ་གྲོང་ཁྱེར་གྱིས་ད་དུང་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དེ་ཉིད་རིག་གནས་ཀྱི་རང་རྟོན་རང་དར་གྱི་མཚོན་ཚུལ་གལ་ཆེན་དང་དེ་བཞིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་ལྟེ་བའི་ལས་འགན་ལ་བརྩིས་ཡོད། མངོན་མིན་རིག་གནས་ཤུལ་བཞག་འདུན་ཞུ་བྱེད་པའི་ཐད་ཆབ་མདོ་གྲོང་ཁྱེར་གྱིས་ཁག་གསུམ་པའི་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་ཁང་3འདུན་ཞུ་བྱས་པ་དང་། ཁག་ལྔ་པའི་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པའི་དཔྱད་གཞི་ཁ་གསབ་འཐུས་ཚང་དུ་བཏང་བ། ཁག་དྲུག་པའི་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་འཐུས་ཚབ་རང་བཞིན་གྱི་རྣམ་གྲངས་15འདུན་ཞུ་བྱས་པ། 2023ལོའི་རྒྱལ་ཁབ་རིམ་པའི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པའི་ཚོད་སྐོར་ལས་དོན་བསྒྲུབས་ཡོད། 2024ལོའི་ཆབ་མདོ་གྲོང་ཁྱེར་གྱི“རིག་གནས་རང་བྱུང་ཤུལ་བཞག་ཉིན་མོའི”བྱེད་སྒོ་རབ་དང་རིམ་པ་སྤེལ་བར་མངོན་མིན་རིག་གནས་ཤུལ་བཞག་གི་ཁེ་ལས་61ཞུགས་པ་དང་བྲིན་ཚོང་དངུལ་འབོར་སྒོར་ཁྲི་54.5ཟིན་ཡོད།

    ཡིད་དབང་འཕྲོག་པའི་ཆབ་མདོ་གྲོང་ཁྱེར་གྱིས་གོམ་སྟབས་བརྟན་པོས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་གོམ་ཞེང་ཆེན་པོས་སྐྱོད་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།