གོ་སྐབས་དམ་འཛིན་དང་ལེགས་ཆ་འདོན་སྤེལ་བྱས་ནས་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་ལེའུ་གསར་པ་བརྩམས་པ།
—— ལྗོངས་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་གོང་འཕེལ་གྱི་ཚོགས་ཆེན་ལ་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།
“བོད་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་དེ་ལེགས་ཆ་རིམ་སྤོར་བྱེད་པའི་དུས་མཚམས་སུ་སླེབས་པས། བོད་ཀྱི་དོན་དངོས་ལ་གཞི་ཚུགས་པ་དང་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལ་བསྟུན་པ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། ཁྱད་ལྡན་ལེགས་ཆ་འདོན་པ་བཅས་བྱས་ཏེ་བོད་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་རྒྱ་སྟོབས་ཆེ་རུ་ཧུར་ཐག་གཏོང་དགོས”ཞེས་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་གོང་འཕེལ་གྱི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་ནང་ཚན་རིག་དང་མཐུན་པའི་ངང་དུས་བབ་སྟངས་འཛིན་དང་དམིགས་ཚད་ལས་འགན་ཁ་གསལ་བཟོས་ཡོད་པས་རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། ཚང་མས་ད་ཐེངས་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་གོང་འཕེལ་གྱི་ཚོགས་ཆེན་གོ་སྐབས་སུ་བྱས་ནས། འདུ་ཤེས་གསར་བརྗེས་དང་མཉམ་འདྲེས་འཕེལ་རྒྱས་གཏོང་བ་དང་། འགྲན་རྩོད་ནུས་པ་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བའི་ཐད་སྙིང་རུས་གཏན་འཁྱོངས་བྱེད་པ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རིག་གནས་དང་ཡུལ་སྐོར་ཐོན་ལས་དེ་ཀ་རྟེན་ཐོན་ལས་ཤིག་ཏུ་ཧུར་ཐག་གཏོད་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།
རིག་གནས་ཡུལ་སྐོར་ཐོན་ལས་དེ་ཐོན་ལས་གསུམ་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་རེད། འདི་ལོའི་ཟླ་1པོ་ནས་9པའི་བར། མངའ་རིས་ས་ཁུལ་གྱི་རིག་གནས་དང་ཡུལ་སྐོར་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། ཁྱོན་ཡུལ་སྐོར་བ་མི་ཐེངས་ཁྲི་207.96ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་བས་འགྲོ་སོང་གཏོང་ཚད་བསྡོམས་སྒོར་དུང་ཕྱུར་20.87ཟིན་པ་དེ་དུས་མཚུངས་ལས་40.4%དང་27.6%སོ་སོར་འཕར་ཡོད། བཀྲག་མདངས་འཚེར་བའི་གྲངས་གཞི་དེ་ཐོག་ནས་མངའ་རིས་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་དང་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེན་པོ་མངོན་པ་མ་ཟད། མངའ་རིས་ཀྱིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཐད་གོམ་སྟབས་བརྟན་པོ་ཞིག་སྤོས་པ་ཡང་མཚོན་ཡོད།
“ད་ལོ་ཚུན་དུ་མངའ་རིས་ས་ཁུལ་གྱིས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་དང་ཞབས་ཞུའི་སྒྲིག་བཀོད་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ཞིང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་1.18བཏང་བའི‘ལོ་ལྔ་ཚན་བཅུ་བཞི་པའི’རྣམ་གྲངས་5ཡི་ཁྲོད་ནས་4ལས་མཇུག་འགྲིལ་བ་དང་འབྲེལ་ཞིབ་བཤེར་རྩིས་ལེན་བྱུང་བ་དང་ལེགས་གྲུབ་བྱུང་མེད་པའི་རྣམ་གྲངས་1དེ་སྔོན་དཔག་བྱས་ན་2025ལོའི་ཟླ་5པར་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་བྱ་རྒྱུ་དང་། རྒྱལ་ཡོངས་ཀྱི་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ཐེངས་བཞི་པ་ཏན་ཏིག་སྤེལ་བར་མིག་སྔར‘ཡོངས་བཤེར་གསུམ་པའི’རིག་དངོས་ཁག་236ལ་བསྐྱར་བཤེར་བྱས་པ་དང་གསར་དུ་རྙེད་པའི་རིག་དངོས་ཁག་210བརྟག་དཔྱད་ཐོ་འགོད་བྱས་པ། ཁག་གསུམ་པའི་ས་ཁུལ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་དང་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་གཏན་འཁེལ་གྱི་ལས་དོན་ཕུན་སུམ་ཚོགས་པོས་ལེགས་གྲུབ་ཟིན་པ་དང་རྣམ་གྲངས་39དང་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་34ས་ཁུལ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་ཡོད”ཅེས་མངའ་རིས་ས་ཁུལ་རིག་གནས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཀའོ་ཡན་ཝུའུ་ཡིས“གོམ་སྟབས་རྗེས་མར་ང་ཚོས་ལྗོངས་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་གོང་འཕེལ་གྱི་ཚོགས་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་གྱིས‘མངོན་གསལ་དོད་པོ་བརྒྱད’ལ་དམིགས་ཏེ་ཚན་རིག་དང་མཐུན་པའི་འཆར་འགོད་དང་། སྤྱི་འདོམས་ལ་ཤུགས་སྣོན། བཀོད་སྒྲིག་ཞིབ་ཚགས། སྒྲིག་འཛུགས་ཞིབ་ཚགས་བཅས་བྱེད་པ་དང་དམིགས་ཚད་ཀྱི་སྟོན་ཕྱོགས་དང་། གནད་དོན་གྱི་སྟོན་ཕྱོགས། གྲུབ་འབྲས་ཀྱི་སྟོན་ཕྱོགས་བཅས་མཐའ་འཁྱོངས་ཀྱིས་ཡུལ་བབ་དང་བསྟུན་ཏེ་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱེད་རྒྱུར་ཟམ་མི་ཆད་པར་སྐུལ་འདེད་གཏོང་བ། གོ་སྐབས་དམ་འཛིན་དང་རང་འགུལ་ངང་བྱ་སྤྱོད་སྤེལ་བ་བཅས་བྱས་ནས། རང་ལྗོངས་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མངའ་རིས་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་གསར་འགོད་པར་བཤད།
ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་གིས་ས་བབ་དང་འགྲིམ་འགྲུལ་གྱི་ལེགས་ཆར་བརྟེན་ནས་ཆུ་ཚན་ལུས་གསོའི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེ་རུ་དང་། ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་སྒོ་ཚང་དུ། ཡུལ་སྐོར་ཞབས་ཞུའི་ནུས་པ་ཆེ་རུ་བཅས་བཏང་བར། 2023ལོར་བཞད་མཐོང་སྨོན་རྫོང་ཆབ་ཁ་གྲོང་རྡལ་གྱི་ཆབ་ཁ་ཆུ་ཚན་མཛེས་ལྗོངས་ཁུལ་དེ་བོད་རང་སྐྱོང་ལྗོངས་རིམ་པའི་ལུས་གསོའི་ཡུལ་སྐོར་དཔེ་སྟོན་རྟེན་གཞིར་བདམས་པ་རེད།
གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཅུས་ཀྲང་བཀྲ་ཤིས་གཡང་འཛོམས་ཀྱིས“ལུས་གསོའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་ནི་བཞད་མཐོང་སྨོན་རྫོང་གི་ལེགས་ཆའི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་གྱི་ཁ་ཕྱོགས་གལ་ཆེན་ཞིག་ཡིན་ལ། ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐབས་ཇུས་བཀོད་སྒྲིག་དང་ལེན་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཀྱང་ཡིན། གོམ་སྟབས་རྗེས་མར་བཞད་མཐོང་སྨོན་རྫོང་གིས་ལྗོངས་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་གོང་འཕེལ་གྱི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། རིག་གནས་དང་ཡུལ་སྐོར་ལས་དོན་ཡག་པོ་སྒྲུབ་པའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སྔར་བས་ཆེ་རུ་གཏོང་བ་དང་རྫོང་ཁོངས་ཀྱི་དོན་དངོས་ལ་གཞི་ཚུགས་ནས་ས་མཐོའི་ལུས་གསོའི་ཡུལ་སྐོར་ལས་རིགས་རྒྱ་སྟོབས་ཆེ་རུ་ཧུར་ཐག་གཏོང་གི་་ཡིན”ཞེས་བཤད།
ཆབ་མདོ་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་ཆབ་སྲིད་ལས་དོན་ཁོའོ་ཡི་ཁོའོ་ཀྲང་ལི་ཝུན་མིང་གིས“ལྗོངས་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་གོང་འཕེལ་གྱི་ཚོགས་ཆེན་འཚོགས་པ་དེས་ཆབ་མདོ་གྲོང་ཁྱེར་གྱི་རིག་གནས་དང་ཡུལ་སྐོར་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐབས་ལམ་གསལ་བཟོ་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཡོད། ཆབ་མདོ་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་ཀྱི་ལས་དོན་པ་ཞིག་ཡིན་པའི་ངོས་ནས་སླད་ཕྱིན་གྱི་ལས་ཀའི་ནང་ང་ཚོས་ཆབ་མདོ་གྲོང་ཁྱེར་གྱི་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། ཆབ་མདོའི་རིག་གནས་ཀྱི་ནང་དོན་སྔོག་འདོན་གཏིང་ཟབ་བྱེད་པ་དང་རིག་གནས་ལ་བརྟེན་ནས་ཡུལ་སྐོར་གྱི་ནང་དོན་ཟབ་ཏུ་བཏང་སྟེ་ཡུལ་སྐོར་བས་མཛེས་ལྗོངས་ལ་རོལ་བ་དང་དུས་མཚུངས་ཆབ་མདོའི་རིག་གནས་ཀྱི་ནང་དོན་ཟབ་མོ་ཡང་ཉམས་སུ་མྱོང་ཐུབ་པར་བྱེད་ཀྱི་ཡིན། དེ་དང་ཆབས་ཅིག ང་ཚོས་ད་དུང་ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་རྫས་ཕུན་སུམ་ཚོགས་སུ་གཏོང་བ་དང་། རིག་གནས་ཡུལ་སྐོར་སྤུས་རྟགས་རྩེ་གྲ་གཏོད་པ། ཡུལ་སྐོར་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་སོགས་ནས་འགོ་བཙུགས་ཏེ་ཆབ་མདོ་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་འགྲན་རྩོད་ནུས་པ་དང་ཤུགས་རྐྱེན་ཐེབས་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་གི་ཡིན”ཞེས་བཤད་པ་རེད།