དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • མཉམ་འདྲེས་ཤུགས་འདོན་བྱས་ནས་རིག་གནས་ཡུལ་སྐོར་གྱི་ལས་རྣམ་གསར་པ་གཏོད་པ།

    ——ལྗོངས་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་གོང་འཕེལ་གྱི་ཚོགས་ཆེན་ལ་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-26

    ཟླ་10ཚེས་22ཉིན་གྱི་སྔ་དྲོར། ལྗོངས་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་གོང་འཕེལ་གྱི་ཚོགས་ཆེན་ལྷ་སར་འཚོགས་པ་དང་། རང་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བྱེད་ཐབས་སྣ་ཚོགས་བརྒྱུད་ཚོགས་འདུའི་གསར་འགྱུར་ལྟ་ཉན་བྱས་པ་མ་ཟད། ད་དུང་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་ནས་གོ་བ་བླངས་ཤིང་། ཚང་མས། ཁྱད་ལྡན་ལེགས་ཆར་གཞི་བཙུགས་ཏེ་བསམ་བློར་བཅིངས་འགྲོལ་དང་། ལྟ་བ་གསར་སྒྱུར། འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་བཟོ། མཉམ་འདྲེས་འཕེལ་རྒྱས་མངོན་གསལ་དོད་པ་བཅས་བྱས་ནས་རིག་གནས་ཡུལ་སྐོར་གྱི་ལས་རྣམ་གསར་པ་གཏོད་རྒྱུ་དང་ཆབས་ཅིག ཁྱད་ལྡན་ཐོན་རྫས་རྩེ་གྲ་སྐྱེད་སྲིང་དང་སྒོ་མོ་འབྱེད་རྒྱ་སྔར་བས་ཆེ་རུ་བཏང་ནས། ལྗོངས་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་གི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཚོགས་འདུའི་ཐོག“ཁྱད་ཆོས་ནི་གཞི་མ་ཡིན་པར་མཐའ་འཁྱོངས་ཀྱིས་ཐུན་མོང་མ་ཡིན་པའི་རིག་གནས་དང་ཡུལ་སྐོར་གྱི་ཐོན་རྫས་གཏོད་དགོས། རིག་གནས་ནི་བླ་སྲོག་ཡིན་པ་མཐའ་འཁྱོངས་ཀྱིས་རིག་གནས་དེ་ཡུལ་སྐོར་གྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོར་ཁྱབ་པར་བྱེད་དགོས། ཁྲོམ་ར་ནི་ཕྱོགས་སྟོན་ཡིན་པ་མཐའ་འཁྱོངས་ཀྱིས་སྤུས་རྟགས་གཏོད་པ་དང་། མང་ཚོགས་ལ་ཕན་པ། ཡུལ་སྐོར་བའི་ཡིད་དབང་འགུག་པ་བཅས་བྱས་ཏེ་དཔལ་འབྱོར་གྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། སྐྱེ་ཁམས་ཀྱི་ཕན་འབྲས་བཅས་གཅིག་གྱུར་ནུས་ལྡན་ཐུབ་པར་བྱེད་དགོས། རིག་གནས་ལ་བརྟེན་ནས་ཡུལ་སྐོར་གཏོད་པ་དང་། ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པ། མཉམ་འདྲེས་ལ་འཕེལ་རྒྱས་གཏོང་བ་བཅས་མཐའ་འཁྱོངས་བྱས་ཏེ། རིག་གནས་དང་ཡུལ་སྐོར་གྱི་ཐོན་ལས་འཁོར་འབྲེལ་དང་རིན་ཐང་འཁོར་འབྲེལ་རྒྱུན་ཆད་མེད་པར་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཁྱད་ཆོས་དང་། སྤུས་རྟགས། སྣེ་འདྲེན་བཅས་གསོ་སྐྱོང་བྱ་རྒྱུར་དམིགས་ཏེ་གཙོ་གནད་འབུར་དུ་ཐོན་པ་དང་གནད་ཀྱིས་ཁྱོན་ལ་སྐུལ་ཁྲིད་བྱས་ནས་གཙོ་གནད་ཡུལ་སྐོར་མཛེས་ལྗོངས་ཁུལ་བསྐྲུན་པ་དང་། ཡུལ་སྐོར་ལམ་ཐིག་རྩེ་གྲ་ཇུས་འགོད། མཐའ་འཁོར་གྱི་ཡུལ་སྐོར་ལ་ཁྱབ་འགྱེད་སྐུལ་ཁྲིད་བཅས་བྱས་ཏེ་ཐོན་ལས་བར་མཐོངས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་ཆགས་པར་བྱེད་དགོས”ཞེས་བསྟན་པ་འདིས་རང་ལྗོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་བསམ་ཕྱོགས་ཁ་གསལ་བཏོན་ཡོད།

    རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གི་འབྲེལ་ཡོད་འགན་འཁུར་བས“ལྗོངས་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་གོང་འཕེལ་གྱི་ཚོགས་ཆེན་འཚོགས་པ་ལས་བོད་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཡིད་ཆེས་ཆེ་རུ་ཕྱིན་པ་མ་ཟད་ད་དུང་སྒུལ་ཤུགས་ཀྱང་བསྣན་ཡོད། རིག་གནས་མེད་ན་ཡུལ་སྐོར་ལ་བླ་སྲོག་མེད་པ་དང་ཡུལ་སྐོར་མེད་ན་རིག་གནས་ལ་གསོན་ཤུགས་མེད། སླད་ཕྱིན། ང་ཚོས་ས་གནས་དེ་གའི་རིག་གནས་མུ་མཐུད་སྔོག་འདོན་གྱིས་ཡུལ་སྐོར་གྱི་སྤུས་ཚད་མཐོ་རུ་བཏང་ནས། རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་གསར་པ་དང་ལས་རྣམ་གསར་པ་སྔར་བས་ཡག་པོ་བཏོད་དེ། བོད་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་སྟོབས་ཆེན་ཧུར་ཐག་གཏོང་གི་ཡིན”ཞེས་བཤད་པ་རེད།

    “ཚོགས་ཆེན་འཚོགས་པ་བརྒྱུད་ང་ཚོའི་འཕེལ་རྒྱས་ཀྱི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་སོང”“ཐེངས་འདིའི་ཚོགས་ཆེན་ཐོག་ལྗོངས་ཡོངས་ཀྱི་ས་ཁུལ་ཁག་གིས་སྤུས་ཚད་མཐོ་བའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གཏོད་པ་དང་། ཡུལ་སྐོར་ཞབས་ཞུའི་སྒྲིག་བཀོད་ལེགས་སུ་གཏོང་བ། ཡུལ་སྐོར་ཐོན་རྫས་མཁོ་སྤྲོད་ལེགས་སུ་གཏོང་བ། ཡུལ་སྐོར་ཁྲོམ་ར་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། ཁྱད་ལྡན་ཡུལ་སྐོར་རྣམ་གྲངས་དྲིལ་བསྒྲགས་འོས་སྦྱོར་ཧུར་ཐག་བྱེད་པ་བཅས་ཀྱི་ཐད་བླང་བྱ་དེ་བས་མཐོ་བ་བཏོན་ཡོད། གོམ་སྟབས་རྗེས་མར། སྨན་གླིང་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་ས་གནས་དེ་གའི་གྲོག་རོང་མཛེས་ལྗོངས་དང་། བོད་སྨན་རིག་གནས། ལྷོ་པའི་དམངས་སྲོལ་སོགས་ཁྱད་ལྡན་ཐོན་ཁུངས་དང་ཟུང་འབྲེལ་གང་ལེགས་བྱས་ཐོག་གཙོ་གནད་མཛེས་ལྗོངས་ཁུལ་དང་། རྨང་གཞིའི་སྒྲིག་བཀོད། ཞབས་ཞུའི་མྱོང་བ་བཅས་དམ་འཛིན་བྱས་ནས་ཞན་ཆ་ཧུར་ཐག་བསལ་ཏེ། རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་འདེགས་སྐྱོར་ནུས་པ་ཆེ་རུ་བཏང་ནས་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་གི་ཡིན”ཞེས་སྨན་གླིང་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀུང་ཞའོ་ཁྲོན་གྱིས་གསར་འགོད་པར་བཤད་པ་རེད།

    “ལྗོངས་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་གོང་འཕེལ་གྱི་ཚོགས་ཆེན་ནི་ངར་ཤུགས་སློང་བའི་ཚོགས་ཆེན་ཞིག་ཡིན་པས་ང་ཚོ་འབྱུང་འགྱུར་ལ་ཡིད་ཆེས་ཀྱིས་ཁེངས་བཞིན་ཡོད” “‘སྨན་པའི་རྒྱལ་པོ་གཡུ་ཐོག་ཡོན་ཏན་མགོན་པོའི་འཁྲུངས་ཡུལ་དང་ལྷ་མོ་དར་ཁྱབ་ཆེ་བའི་ས་ཆ’ཡིན་པའི་ཆ་ནས། སྟོད་ལུང་བདེ་ཆེན་ཆུས་ཀྱིས་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་མུ་མཐུད་ཕུན་སུམ་ཚོགས་སུ་བཏང་ནས་སྤུས་རྟགས་གཏོད་པ་དང་ཐོན་ལས་རིམ་སྤོར་བྱེད་ཀྱི་ཡིན། དེ་དང་ཆབས་ཅིག་གཏོང་ཆ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་དང་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས་ཡུལ་སྐོར་གྱི་སྤུས་ཚད་མཐོ་རུ་ཤུགས་ཆེན་གཏོང་གི་ཡོད། འདིའི་རྨང་གཞིའི་ཐོག་མཐའ་འཁོར་ས་ཁུལ་དང་སྤེལ་རེས་མཉམ་ལས་བྱ་རྒྱུར་སྣང་ཆེན་གྱིས་རིག་གནས་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་གོང་འཕེལ་ཐུན་མོང་ཐོག་སྐུལ་འདེད་བཏང་ནས་ཡིད་དབང་འཕྲོག་ཤུགས་དེ་བས་ཆེན་པོ་ལྡན་པའི་ཡུལ་སྐོར་ལམ་ཐིག་དང་ཐོན་རྫས་གཏོད་ཀྱི་ཡོད། འབྱུང་འགྱུར་ང་ཚོས་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་བྱེད་སྒོ་དེ་བས་མང་པོ་སྤེལ་ནས་ཡུལ་སྐོར་བའི་རིག་གནས་མྱོང་ཚོར་ཕུན་སུམ་ཚོགས་སུ་གཏོང་གི་ཡིན”ཞེས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་རིག་གནས་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།