རིག་གནས་ཡུལ་སྐོར་གྱི་བཀྲག་མདངས་འཚེར་ས་བཏོད། ཞི་མཐུན་བདེ་སྐྱིད་ཀྱི་ཁྱིམ་གཞིས་མཉམ་དུ་བསྐྲུན།
ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་གིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་རོགས་བྱས་པའི་སྐོར།
དོག་སྡེ་ཁྲོམ་གཞུང་དུ་སྐྱོད་སྐབས་རིག་གནས་ཡུལ་སྐོར་དང་ཕྱི་རོལ་གྱི་ལུས་རྩལ་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་ཞིག་མངོན་བཞིན་མཆིས། ཁྲོམ་གཞུང་གིས་ཁྱད་ཆོས་ལ་གཞི་ཚུགས་ཏེ་རང་བྱུང་ཐོན་ཁུངས་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་ནས“རྩེར་སོན་དང་། སྤུས་དག ཁྱད་ལྡན”བཅས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད།
དམངས་སྲོལ་གནས་ཚང་གི་ཡུལ་སྐོར་རྣམ་གྲངས“སེམས་རྩ་འཁོལ་བའི་བོད་ཁྱིམ”གྱིས་སྐུ་མགྲོན་ལ་སྣེ་ལེན་གཟབ་རྒྱས་ཞུ་བ་ནས་ན་ཝུའུ་ཡིད་དགའ་རྩེར་སོན་ཆུ་ཚན་སྤྲོ་གསེང་མགྲོན་ཁང་དུ་ལོངས་སྤྱོད་ལ་རོལ་བའི་བར་དང་། ཕུར་བུ་ལྕོག་རི་རྩེའི་ཀོག་ཧྥེ་ལ་རོལ་བའི་དལ་ལྷོད་ཀྱི་དུས་ནས་རྡོ་ར་ཁྲ་མོར་སྒར་བརྒྱབ་ནས་གླིང་ཁ་གཏོང་བའི་བར། འཕུར་གདུགས་དང་ས་དབྱིབས་ཧྲིལ་པོའི་བྱེས་བགྲོད་སྦག་སྦག་ལས་བྱུང་བའི་མྱོང་ཚོར་ཟབ་མོ་ནས་རི་འཛེག་རྟེན་མཛོད་ཁང་དང་། ཚ་ཚ་རྟེན་མཛོད་ཁང་། དངུལ་ལོར་རྟེན་མཛོད་ཁང་བཅས་ལ་ཡོད་པའི་རིག་གནས་ཀྱི་ནང་དོན་ཚང་མ་ནི་དོག་སྡེ་ཁྲོམ་གཞུང་གིས་བློ་རྩེ་གཅིག་སྒྲིམ་གྱིས་བཏོད་པའི་རིག་གནས་ཡུལ་སྐོར་གྱི་བཀྲག་མདངས་འཚེར་ས་ཤ་སྟག་རེད།
རྣམ་གྲངས་དེ་དག་ལས་ཡུལ་སྐོར་བའི་ཡུལ་སྐོར་ཉམས་ལེན་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་འཕུར་མཆོང་གི་གཤོག་ཟུང་བསྒར་བ་ལྟར་གྲོང་མིའི་ཡོང་འབབ་བརྟན་པོ་འཕར་ཡོད།
གྲངས་གཞི་ལས་མངོན་པར། དོག་སྡེ་ཁྲོམ་གཞུང་དུ་ཁྱོན་མཉམ་ལས་ཁང་15ཡོད་པའི་ནང་རྒྱལ་ཁབ་རིམ་པའི་དཔེ་སྟོན་མཉམ་ལས་ཁང་1དང་ལྷ་ས་གྲོང་ཁྱེར་རིམ་པའི་དཔེ་སྟོན་མཉམ་ལས་ཁང་2ཡོད་པ་དང་དེའི་གཙོ་ཁྲིད་ཐོན་ལས་ནི་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་དང་ཞིང་འབྲོག་ལས་རེད། 2023ལོར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་1052.24ཟིན་པ་དང་། མང་ཚོགས་ལ་མཉམ་སྡེབ་དཔལ་འབྱོར་གྱི་ཐོབ་ཆ་སྒོར་ཁྲི་614.9བགོ་འགྲེམས་བརྒྱབ་པ་དེ་ཁྲེང་ཀོན་ཆུས་ཀྱི་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད་པ་མ་ཟད། ལོ་ལྟར་འཕར་བཞིན་ཡོད།
དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་བགྲོད་ལམ་བུར་དོག་སྡེ་ཁྲོམ་གཞུང་གིས་གྲོང་ཚོ་དང་ཁེ་ལས་མཉམ་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང“ཁེ་ལས་ཀྱིས་གྲོང་ཚོར་སྐུལ་ཁྲིད་བྱེད་པ་དང་། གྲོང་ཚོས་ཁེ་ལས་ལ་སྐུལ་འདེད་གཏོང་བ། གྲོང་ཚོ་དང་ཁེ་ལས་གཉིས་ཁེ་ཡོང་བར་བྱེད་པ”བཅས་ཀྱི་འཕེལ་རྒྱས་གཏོང་སྟངས་བརྒྱུད། ཁེ་ལས་ཀྱི་མ་དངུལ་དང་། ལག་རྩལ། ཁྲོམ་རའི་ལེགས་ཆ་བཅས་དང་གྲོང་ཚོའི་ཐོན་ཁུངས་དང་། མི་ཤུགས། ཁོར་ཡུག་བཅས་ཀྱི་ལེགས་ཆ་ཟུང་འབྲེལ་དམ་ཟབ་བྱས་ནས་ཁེ་ལས་རྒྱ་སྐྱེད་དང་། མཉམ་སྡེབ་ལ་འབབ་འཕར། མང་ཚོགས་ཕྱུག་འགྱུར་བཅས་ཀྱི་རྣམ་པ་བཏོད་ཡོད།
ད་ལོ་ཚུན་དུ། གྲོང་ཚོ་ཁག་གིས་བོད་ལྗོངས་པའེ་ཅིང་རིག་གནས་ཡུལ་སྐོར་ཚད་ཡོད་ཀུང་སི་དང་། བོད་ལྗོངས་ན་ཝུའུ་ཡིད་དགའ་རིག་གནས་ཡུལ་སྐོར་ཚད་ཡོད་ཀུང་སི། ལྷ་ས་གྲོང་ཁྱེར་ཀུན་བདེ་འཇིམ་བཟོའི་རིག་གནས་སྒྱུ་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སི་སོགས་ཁེ་ལས་མང་པོ་མཉམ་དུ་བཙུགས་པས། རིམ་རྩིས་བརྒྱབ་ན་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་འབབ་འཕར་སྒོར་ཁྲི་174ལྷག་ཙམ་ཡོང་བར་སྐུལ་ཁྲིད་ཐུབ་ཡོད།
འཕེལ་རྒྱས་མགྱོགས་མྱུར་ཕྱིན་པ་དང་དུས་མཚུངས་སུ་དོག་སྡེ་ཁྲོམ་གཞུང་གིས་རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི་འདུ་ཤེས་མ་བརྗེད་པ་དང་། རྒྱུན་གཏན་ཅན་གྱི་རྣམ་པའི་ཐོག་ནས་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ། ཏང་ཡོན་ལས་བྱེད་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་བཏོན་པ་བཅས་བརྒྱུད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཞུགས་པའི་མང་ཚོགས་ཀྱི་སྤྲོ་སེམས་འཕེལ་ཡོད།
འོས་འགན་ཤིང་འཛུགས་ནས་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་བར་དང་གད་སྙིགས་རིགས་དབྱེ་ནས་ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་བར་གྱི་བྱེད་སྒོ་ཚང་མར་དོག་སྡེ་བའི་བློ་གྲོས་དང་རྔུལ་ཆུ་འདུས་ཡོད། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་བསྟུན་ནས་དོག་སྡེ་ཁྲོམ་གཞུང་གི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་ཇེ་ཡངས་སུ་ཕྱིན་པ་དང་སྐྱེ་ཁམས་ཀྱི་ལེགས་ཆ་དཔལ་འབྱོར་གྱི་ལེགས་ཆར་རིམ་གྱིས་འགྱུར་བཞིན་ཡོད་པས། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་སྦྱིན་ཡོད།
སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གྲུབ་འབྲས་ལས་གྲོང་མི་ཚོའི་འཚོ་བའི་སྤུས་ཚད་མཐོ་རུ་ཕྱིན་པ་མ་ཟད། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་གྲོང་མི་ཚོའི་རེ་འདོད་ཀྱང་བསྐངས་ནས་མི་སེམས་སྔར་བས་གཅིག་ཏུ་སྒྲིལ་ཐུབ་པ་དང་ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་འཕེལ་ཐུབ་པ་བྱུང་ཡོད།
ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་གིས་དེ་བས་བརྟན་པའི་གོམ་སྟབས་ཐོག་ནས་ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་སྡོད་མལ་ལ་འཚམ་པ། ཡུལ་སྲོལ་ཤེས་དཔལ། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་བཅས་ཀྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་དམིགས་ཚད་ཕྱོགས་སུ་མདུན་སྐྱོད་བྱེད་བཞིན་ཡོད་པ་རེད། རེ་བས་ཁེངས་པའི་ས་གཞི་དེའི་ཐོག་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཐུན་མོང་ཐོག་འབད་འཐབ་བྱས་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་དང་མཛེས་སྡུག་ལྡན་པའི་འཚོ་བའི་ལེའུ་གསར་པ་རྩོམ་བཞིན་ཡོད།