“ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ་བོད་ཀྱིས་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་201ལྷག་ཙམ་བཏང་ནས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་10ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་ནས་ཤེས་རྟོགས་བྱས་པར། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ་བོད་ཀྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་201.6དོན་འཁྱོལ་བྱས་པ་དེ་དག་རིག་གནས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་དང་། རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོང་སྒྲིག་བཀོད། ལོ་རྒྱུས་ལྡན་པའི་གྲོང་རྡལ་སྲུང་སྐྱོང་མཐོར་གཏོང་སོཌ་ཁྱབ་ཁོངས་ཀྱི་རྣམ་གྲངས་འཛུགས་སྐྲུན་ཐད་སྤྱད་དེ། རིག་གནས་ཡུལ་སྐོར་ཐོན་ལས་སྔར་བས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།
བོད་རང་སྐྱོང་ལྗོངས་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་ཝུའེ་ཆང་གིས“ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ་བོད་ཀྱིས་མ་དངུལ་སྒོར་དུང་ཕྱུར་19.7དོན་འཁྱོལ་བྱས་ནས་བོད་ལྗོངས་གནམ་དཔྱད་ཁང་དང་། བོད་ལྗོངས་མཛེས་རྩལ་ཁང་། རིག་གནས་རླུང་འཕྲིན་བརྙན་འཕྲིན་སྒྱུ་རྩལ་ལྟེ་གནས། གསར་བརྗེའི་གནས་རྙིང་སྲུང་སྐྱོང་སོགས་འཛུགས་སྐྲུན་བྱས་ཡོད། མིག་སྔར་རིག་གནས་ཐོན་ལས་ཀྱི་རྣམ་གྲངས་གལ་ཆེན་དེ་དག་བོད་ཀྱི་རིག་གནས་དང་ཡུལ་སྐོར་གྲུབ་འབྲས་མངོན་པའི་སྐར་ཁུང་གསར་པ་ཞིག་དང་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གསར་པ་ཞིག་ཏུ་གྱུར་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
དེ་དང་ཆབས་ཅིག་འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་བོད་ཀྱིས་མ་དངུལ་སྒོར་དུང་ཕྱུར་16བཏང་ནས་ལྷ་ས་དང་ཉིང་ཁྲི་སོགས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་ཁུལ་དང་གངས་ཏི་སི་དང་ཇོ་མོ་གླང་མའི་A4རིམ་པ་ཡན་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་རྣམ་གྲངས་འཛུགས་སྐྲུན་ཐད་སྤྱད་པ་དང་། མ་དངུལ་སྒོར་དུང་ཕྱུར་1ལྷག་ཙམ་དོན་འཁྱོལ་བྱས་ཏེ། གཙང་གསུམ་ཆུ་འགོ་དང་། ཇོ་མོ་གླང་མ། བྱང་ཐང་རྒྱལ་ཁབ་སྤྱི་གླིང་བཅས་སྲུང་སྐྱོང་སྒྲིག་བཀོད་འཛུགས་སྐྲུན་ལ་སྤྱད་ཅིང་། ལྗང་མདོག་མཉམ་སྤྱོད་དང་སྐྱེ་ཁམས་ཚན་རིག་ཁྱབ་གདལ་སོགས་སྣ་མང་ཅན་གྱི་ཡུལ་སྐོར་ཐོན་རྫས་མ་ལག་བཏོད་ཡོད།
“ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ་བོད་ཀྱིས་མ་དངུལ་སྒོར་དུང་ཕྱུར་169.8བཏང་ནས་G318དང་G109ཡི་སྤུས་ཚད་མཐོར་གཏོང་སྒྱུར་བཀོད་དང་། G219གསར་སྐྲུན་གྱི་ལས་གྲྭར་སྤྱད་དེ་ལམ་དྲའི་འཁོར་སྐྱོད་ལས་ཕྱོད་དང་འཕྲལ་སྡོམ་འགན་ལེན་ནུས་པ་ཆེ་རུ་ནུས་ལྡན་བཏང་བ་དང་། ཡུལ་སྐོར་བ་དམིཌ་སར་འབྱོར་ཚད་མང་དུ་དང་ཕྱིར་སྐྱོད་ཉམས་ལེན་ལེགས་སུ་བཏང་བ། ཡུལ་སྐོར་ལམ་ཐིག་དེ་བས་མང་བ་བཏོད་པ། ལམ་རྒྱུད་ཀྱི་མང་ཚོགས་ལ་ཡུལ་སྐོར་ལས་རིགས་ཀྱི་ཕན་པ་ཐོབ་རྒྱུར་སྣེ་ཁྲིད་བཅས་བྱས་པ་རེད།
2019ལོ་ནས་བཟུང་བོད་ཀྱིས་དམངས་སྤྱོད་མཁའ་འགྲུལ་གྱི་འགྲུལ་སྐྱེལ་སྤ་སེའི་རིན་གོང་གི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱས་ནས་མཁའ་འགྲུལ་ཀུང་སི་8དང་གན་རྒྱ་བཞག་ཡོད། མིག་སྔའི་བར། གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་ཐུབ་པའི་མང་ཚོཌ་མི་ཐེངས་ཁྲི་80ལྷག་ཙམ་ཟིན་པ་དང་། དམངས་ཕན་གྱི་ཁེ་ཟ་གྱོང་ཁུར་མ་དངུལ་སྒོར་དུང་ཕྱུར་8ལྷག་ཙམ་ཟིན་པ། མ་དངུལ་སྒོར་དུང་ཕྱུར་3.22དོན་འཁྱོལ་བྱུང་བ་དག་རང་སྐྱོང་ལྗོངས་ལུས་རྩལ་སྤྱི་གླིང་དང་། ལུས་སྦྱོང་རྐང་ཐང་ལམ། རྐང་འཁོར་ལམ་དང་རྐང་ཐང་ལམ་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་ཐད་སྤྱད་པས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་གཞི་རྟེན་ཕུན་སུམ་ཚོགས་སུ་ཕྱིན་ཡོད།
གྲངས་གཞི་ལས་མངོན་པར་གཞིགས་ན། 2024ལོའི་ཟླ་དང་པོ་ནས་དགུ་པའི་བར་བོད་ཀྱིས་རིམ་རྩིས་བྱས་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་5700ལྷག་ཙམ་ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་15%འཕར་བ་དང་། ཡུལ་སྐོར་འཛད་སྤྱོད་དངུལ་འབོར་སྒོར་དུང་ཕྱུར་670.55ཟིན་པ་དེ་དུས་མཚུངས་ལས་13%འཕར་བ། ལྗོངས་ཡོངས་ཀྱི་རིག་གནས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་89ཙམ་ཟིན་པ་བཅས་རེད།