གནའ་གྲོང་འཕོ་འགྱུར་ཆེ། ཐུན་མིན་ཡུལ་ལྗོངས་མཛེས།
ལྷ་ས་གྲོང་ཁྱེར་དུ་ཡུལ་སྐོར་གྱི་ཚ་རླབས་འཕྱུར་ཤུགས་ཆེ་རུ་རྒྱུན་མཐུད་ཕྱིན་པ།
ལྷ་ས་ནི་ཡིད་དབང་འཕྲོག་ཤུགས་ཆེན་པོ་ལྡན་པའི་ས་མཐོའི་རིག་གནས་གནའ་གྲོང་ཞིག་ཡིན་ལ། འཕེལ་རྒྱས་འགྲོ་བཞིན་པའི་དེང་རབས་ཅན་གྱི་གྲོང་ཁྱེར་གསར་པ་ཞིག་ཀྱང་རེད། ཉེ་བའི་ལོ་ཤས་རིང་། མཚན་མོའི་དཔལ་འབྱོར་དང་། གནའ་གྲོང་གི་བཀོད་པ་གསར་སྒྱུར། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་སོགས་ལག་བསྟར་བྱས་ཏེ། མ་གཞི་ནས་ཀུན་གྱི་ཡུལ་སྐོར་དམིགས་ས་ཡིན་པའི་ལྷ་ས་དེ་བས་འཁྲུག་ཆ་དོད་དུ་ཕྱིན་ཡོད།
སྟོན་ཀ་ནི་ལོ་གཅིག་གི་ཡུལ་སྐོར་དུས་ཚིགས་ཡག་ཤོས་ཤིག་རེད།
བར་སྐོར་དང་། མར། ཇ་ལོ། སྤོས། བོད་ཆས་སོགས་ཕུན་སུམ་ཚོགས་པའི་སྲོལ་རྒྱུན་རིག་གནས་དང་དམངས་སྲོལ་གོམས་གཤིས་ལས་ཡུལ་སྐོར་བ་མང་པོ་ཡུལ་སྐོར་དུ་ཡོང་བའི་ཡིད་དབང་བཀུག་ལ། བར་སྐོར་ཁྲོམ་གཞུང་དུ་ཡོད་པའི་བོད་ཀྱི་རིག་གནས་ཉམས་ལེན་ཁང་ཞིག་ཏུ་སྐྱོད་སྐབས་ཞོགས་སྔ་མོ་ནས་དགུང་མཚན་མོའི་བར་དུ་ཡུལ་སྐོར་བའི་རྒྱུན་མི་ཆད་པ་དང་། ཚོང་སྒྲོམ་ཐོག་ཏུ་ཐང་ག་དང་། སྤོས། ལྷ་མོའི་འབག་སོགས་ཚོང་ཟོག་སྣ་ཚོགས་བཤམས་འདུག
“སྤོས་བཟོ་སྟངས་ལ་ལྟ་བར་ཡོང་མཁན་གྱི་གཞོན་ནུ་མང་པོ་ཡོད། ཚང་མས་བོད་ཀྱི་རིག་གནས་ལ་ཧ་ཅང་དགའ་པོ་བྱེད་ཀྱི་འདུག”ཉམས་ལེན་ཁང་གི་ལས་མི་སངས་རྒྱས་ཆོས་སྒྲོན་གྱིས་གསར་འགོད་པར། སྤོས་བཟོ་སྟངས་སྦྱོང་བར་ཀུན་གྱིས་དགའ་པོ་ཆེན་པོ་བྱེད་ཀྱི་འདུག རང་ཉིད་ཀྱིས་དངོས་སུ་སྤོས་བཟོ་བའི་བརྒྱུད་རིམ་ནང་ཡུལ་སྐོར་བས་བོད་ཀྱི་རིག་གནས་ཀྱི་ངོ་མཚར་ལ་མྱོང་རོལ་བྱེད་ཐུབ་ཅེས་བཤད།
གནའ་གྲོང་དུ་འཆམ་འཆམ་བྱེད་པ་ཕུད། ཡུལ་སྐོར་བ་མང་པོའི་ངོས་ནས་བརྗོད་ན། ཐང་ཆེན་ནས་ཕོ་བྲང་པོ་ཏ་ལའི་ལྡོག་ཤར་གྲིབ་གཟུགས་པར་ལེན་པ་དང་། ལྷོ་རིའི་སྤྱི་གླིང་གི་རྩེ་མོའི“མེས་རྒྱལ་ཁྲི་ལོར་བརྟན་པར་ཤོག”ཅེས་་པའི་སར་འཛེགས་ནས་ལྷ་སའི་ཡུལ་ལྗོངས་ཧྲིལ་པོར་ལྟ་བ་ལ་སོགས་ཀྱང་ལྷ་སར་ཡུལ་སྐོར་བྱེད་རིང་མེད་དུ་མི་རུང་བའི་ནང་དོན་ཡིན་པ་རེད། ལྷོ་རིའི་སྤྱི་གླིང་དུ་འཆམ་འཆམ་བྱེད་སྐབས། ཕྱི་དྲོར་ཉི་འོད་རབ་ཏུ་འཚེར་ཡང་ཤིང་སྣའི་ལོ་མའི་བསིལ་གྲིབ་དང་། དལ་གྱིས་ལྡང་བའི་བསིལ་རླུང་། ཤང་ཤང་དུ་རྒྱུག་པའི་ཆུ་ཕྲན་བཅས་ལས་བསིལ་སངས་སངས་ཀྱི་སྣང་བ་ཞིག་སྦྱིན་པའི་ཁར་རྒྱང་རིང་ནས་བརྗིད་ཆགས་ཕོ་བྲང་པོ་ཏ་ལ་ཡང་མཇལ་གྱི་ཡོད། “ལོ་10ལྷག་ཙམ་གྱི་གོང་འདི་གར་ཡོང་མྱོང་། སྐབས་དེ་དུས་ལུང་སྟོང་ཞིག་རེད་ལ། དུས་ཐུང་ལོ་10ཡི་ནང་འདི་གར་འགྱུར་ལྡོག་ཆེན་པོ་ཕྱིན་འདུག”ཅེས་སི་ཁྲོན་ནས་ཡིན་པའི་སྐུ་ཞབས་ཀུའུ་ལགས་ཀྱིས་ལྷོ་རིའི་འགྱུར་ལྡོག་སྐོར་བཤད་ལ། ཁོང་གིས་ད་རེས་ཉིན་བདུན་གྱི་ཡུལ་སྐོར་ལམ་ཐིག་འཆར་འགོད་བྱས་པ་དང་། གཞིས་རྩེའི་ཇོ་མོ་གླང་མའི་སྒར་ས་ཆེན་པོར་ཡང་འགྲོ་རྩིས་ཡོད་པ་རེད།
ལྷ་སའི་ཡུལ་སྐོར་ལས་རིགས་ལ་ཞུགས་ནས་ལོ་5ལྷག་ཙམ་སོང་བའི་ཅང་ཞའོ་ལི་ཡིས། ལོ་འདི་དག་ནང་ལྷ་སའི་ཡུལ་སྐོར་ལས་རིགས་ཀྱི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད་ཅེས་བཤད། དེ་སྔ་ཁོང་གིས་སྟོད་ལུང་བདེ་ཆེན་ཆུས་འབྲོག་མ་གྲོང་ཚོའི“བདེ་སྐྱིད་བོད་ཁྱིམ་ཁང”གི་དམངས་སྲོལ་གནས་ཚང་རྣམ་གྲངས་གཉེར་སྐྱོང་གི་འགན་འཁུར་མྱོང་བས། གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་འགྲོ་བར་ཁོར་ཡུག་གལ་ཆེ་བ་དང་ཁོར་ཡུག་ལེགས་སུ་ཕྱིན་ན་ཡུལ་སྐོར་བའི་མྱོང་ཚོར་ཡང་ལེགས་སུ་འགྲོ་ངེས་པ་གསལ་པོར་ཤེས་པ་རེད།
ཉིན་མོར་འགྲོ་ས་ཡོད་ལ་མཚན་མོའི་དཔལ་འབྱོར་ཡང་དར་རྒྱས་གོང་འཕེལ་ལེགས་པོ་བཏང་ཞིང་། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་ཁེ་ལས་ཀྱི་རང་འདེམས་འཕེལ་རྒྱས་གཏོང་ཆོག་པའི་མཚན་མོའི་དཔལ་འབྱོར་གཙོ་གནད་ས་ཁོངས་དེ་བཀོད་སྒྲིག་ལུགས་མཐུན་དང་། ལས་རྣམ་ཁག་འཕེལ་རྒྱས་མཐུན་སྦྱོར། གོང་འོག་གི་ཐོན་ལས་འཁོར་འབྲེལ་འཐུས་ཚང་། བཟའ་བཏུང་ཁེ་ལས་ཀྱི་འགྲན་རྩོད་ནུས་པ་ཆེ་བ། ཞིམ་ཟས་སྤུས་རྟགས་ཀྱི་མཚན་སྙན་མཐོ་བ་བཅས་ཀྱི་བཟའ་བཏུང་གཅིག་སྡུད་ཁྲོམ་གཞུང་ཞིག་ཏུ་བཏོད་དེ། མཚན་མོའི་དཔལ་འབྱོར་གྱི་གསོན་ཤུགས་འཕེལ་བ་དང་འཛད་སྤྱོད་ཀྱི་སྒུལ་ཤུགས་གསར་པ་བཏོད་པ་དང་ཆབས་ཅིག ཞིམ་ཟས་ལས་ཡུལ་སྐོར་བ་སྔར་བས་མང་བའི་ཡིད་དབང་བཀུག་པ་རེད།
“ལྷ་སའི་དབྱིངས”ཞིམ་ཟས་ཁྲོམ་གཞུང་ནས། གསར་འགོད་པས་འགྲོ་འོང་བྱེད་མཁན་མང་པོས་ཞིམ་ཟས་ཀྱི་བྲོ་བ་མྱོང་བའམ་ཡང་ན་ཚོང་ཁང་ནས་ཅ་ལག་ཉོ་བ་སོགས་ཧ་ཅང་འཁྲུག་ཆ་དོད་པ་མཐོང་བྱུང་། རང་ལྗོངས་ཀྱི་དབྱིངས་ཞུགས་རྣམ་པའི་བརྗོད་དོན་གཙོ་བོའི་ཚོང་ལས་ཁྲོམ་གཞུང་ཐོག་མ་ཡིན་པའི“ལྷ་སའི་དབྱིངས”ཞིམ་ཟས་ཁྲོམ་གཞུང་གིས་མཚན་མོའི་དཔལ་འབྱོར་ལ་ཕན་པའི་ཞིམ་ཟས་ཚོང་འདུས་འཕེལ་རྒྱས་བཏང་བ་མ་ཟད། རྩེར་སོན་གྱི་ཐོན་རྫས་ལེགས་གྲས་ཚོང་ལམ་དུ་སྐྱོད་པར་མཐོང་ཆེན་བྱས་ཏེ་རྒྱལ་ནང་དང་རྒྱལ་སྤྱིའི་གྲགས་ཅན་གྱི་སྤུས་རྟགས་སྣ་ཚོགས་ནང་འདྲེན་བྱས་ནས་མང་ཚོགས་ཀྱི་འཛད་སྤྱོད་དགོས་མཁོ་སྐོང་ཅི་ཐུབ་བྱས་པ་རེད།
ཀོང་ཏུང་ནས་ཡིན་པའི་བུད་མེད་དབྱང་ལགས་ཀྱིས“ང་ཚོ་འཆམ་འཆམ་དུ་འགྲོ་སྐབས་འདི་གར་སླེབས་བྱུང་། ཞིམ་ཟས་ཁྲོམ་གཞུང་འཁྲུག་ཆ་དོད་པོ་འདི་ལྟ་བུ་ཡོད་པ་བསམ་ཡུལ་ལས་འདས་སོང་། ཐོག་མའི་འཆར་གཞི་ལྟར་ན་ལྷ་སའི་རི་ཆུ་ཀླུང་གསུམ་ལ་ཡུལ་སྐོར་མྱོང་རོལ་བྱེད་པ་ཙམ་ཡིན། འོན་ཀྱང་ད་ཆའི་ལྷ་སའི་འཕེལ་རྒྱས་ཀྱི་རྣམ་པ་ནི་དངོས་གནས་ཧང་སངས་དགོས་པ་ཞིག་འདུག”ཅེས་བཤད།