རི་སྔོན་ཆུ་དྭངས་ཡུལ་ལྗོངས་མཛེས། བདེ་སྐྱིད་འཚོ་བའི་དཔལ་ལ་རོལ།
རང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཧུར་ཐག་བྱེད་པ།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཕྱོགས་ཡོངས་ནས་བརྟན་དུ་གཏོང་བ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ། ས་མཐོའི་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ། ས་མཐོའི་སྐྱེ་ཁམས་རིག་གནས་སྐྱེད་སྲིང་དང་དར་སྤེལ་གཏོང་བ་བཅས་བྱས་པས། ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་པོ་བྱུང་བ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་གངས་ལྗོངས་ས་མཐོར་ནམ་མཁའ་གཡའ་དག་པ་དང་། ས་གཞི་རྡུལ་དག་པ། ཆུ་མོ་དྭངས་ཤིང་གཙང་བ་བཅས་ཀྱི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཀྱི་རི་མོ་ཞིག་བྲིས་ཡོད།
རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་སྐྲུན་དགོས།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས“ཆུའི་སྐྱེ་ཁམས”ཀྱི་ལས་དོན་མུ་མཐུད་ཡག་པོ་སྤེལ་ནས་ལྷ་ས་སྐྱིད་ཆུའི་གྲོང་ཁུལ་དུམ་བུར་ཚོད་འཛིན་ཆུ་སྒོ་བཟོས་ཏེ་གྲོང་ཁྱེར་གྱི་ཆུ་ཁོངས་རྒྱ་ཁྱོན་སྤྱི་ཆིང་300ལྷག་ཙམ་གསར་འཕར་བྱུང་ནས་ལྷ་ས་སྐྱིད་ཆུའི་རྒྱལ་ཁབ་རིམ་པའི་ཆུ་བེད་མཛེས་ལྗོངས་ཁུལ་ལེགས་གྲུབ་ལྡན་པའི་ངང་བཏོད་ཡོད།
ད་ཆ་ལྷ་ས་སྐྱིད་ཆུའི་ངོགས་ཀྱི་ཆུ་འགྲམ་སྤྱི་གླིང་དང་། ལྷོ་རིའི་སྤྱི་གླིང་། ལྷ་ས་གྲོང་ཁྱེར་ཀྲུང་ཧྭ་རིག་གནས་སྤྱི་གླིང་སོགས་གཅིག་རྗེས་གཉིས་མཐུད་ངང་བསྐྲུན་ནས་སྔོ་ལྗང་རྒྱ་ཁྱོན་མུའུ་3052ཆེ་རུ་ཕྱིན་པ་དང་གྲོང་ཁུལ་གྱི་མཁའ་རླུང་བརླན་ཚད་ཆ་སྙོམས་8%ནས་10%བར་འཕར་ནས་ས་འོག་གི་ཆུ་ཁ་གསབ་ནུས་ལྡན་ཐུབ་ཡོད་པ་རེད།
“ལྷ་ས་སྐྱིད་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་ཉམས་གསོ་དང་ཕྱོགས་བསྡུས་བཅོས་སྐྱོང་གི་འཕེལ་རིམ་བདེ་བླག་ཡིན་པ་དང་ལྷ་ས་སྐྱིད་ཆུའི་ལུང་གཞུང(སྟོད་ལུང་གི་ནུབ་རྒྱུད)གི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་ཚོད་ལྟའི་ལས་གྲྭ་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་ཞིང་། ལྷ་ས་གྲོང་ཁྱེར་གྱི་ཆུ་རྒྱུད་དུས་ཐེངས་གཉིས་པའི་ལས་གྲྭ་དང་ལྷ་ས་སྐྱིད་ཆུའི་གྲོང་ཁུལ་གྱི་སྟག་རྩེ་དུམ་བུའི་ཆུ་ལོག་འགོག་པའི་ལས་གྲྭ་སོགས་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད། ལྷ་ས་སྐྱིད་ཆུ་རྒྱུག་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་དང་ཆུ་རྩ་གསོ་ཁུལ་མ་ལག་ལ་སྲུང་སྐྱོང་དང་སླར་གསོ་ནུས་ལྡན་བྱུང་ནས‘ཆུ་མོ་ཤང་ཤང་དུ་རྒྱུག་པ་དང་། ཆུ་མོ་དྭངས་ཤིང་གཙང་བ། ཆུ་ངོགས་སྔོ་ལྗང་གིས་བརྒྱན་པ། ཡུལ་ལྗོངས་མཛེས་སྡུག་ལྡན་པ’བཅས་ཀྱི་སྐྱེ་ཁམས་བཟང་བའི་གཙང་པོ་དང་མཚོའི་མ་དཔེ་རགས་ཙམ་བསྐྲུན་ཡོད”ཅེས་ལྷ་ས་གྲོང་ཁྱེར་ཆུ་བེད་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་བཤད།
ལྷ་ས་སྐྱིད་ཆུའི་གྲོང་ཁུལ་དུམ་བུར་འགྱུར་ལྡོག་ཆེན་པོ་བྱུང་བ་དེ་ནི་ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་བསྐྲུན་པའི་བསྡུས་རིས་ཤིག་རེད། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས《〈མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས〉ལག་བསྟར་བྱ་ཐབས》དང《མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》སྙན་ཞུ་དང་ཞིབ་དཔྱད་ཀྱི་ལས་དོན་ལེགས་སྒྲུབ་བྱས་ནས་ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་མུའུ་ཁྲི་57ལྷག་ཙམ་དང་སྡོང་ཕྲུག་ཁྲི་8600ལྷག་ཙམ་འདེབས་འཛུགས་བྱས་པ་དང་ལོ་རྒྱུས་ཁྲོད་ལུས་པའི་ལྗོངས་ཡོངས་ཀྱི་བེད་མེད་གཏེར་རིའི་ཁུལ་530ལྷག་ཙམ་གྱི་སྐྱེ་ཁམས་སླར་གསོ་ལེགས་སྒྲུབ་བྱས་པར་སྤྱི་ལེ་ངོས་གྲུ་89ཙམ་ཟིན་པ་དང་། འཁྱགས་རོམ་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་། སྐྱེ་ཁམས་ཐེག་ནུས་དང་སྐྱེ་ཁམས་བདེ་འཇགས་ཀྱི་ཚོད་སྐོར་སྔོན་བརྡ་གཏོང་བ་སོགས་རང་བརྟེན་ཚན་ཞིབ་རྣམ་གྲངས་ལག་བསྟར་བྱ་རྒྱུའི་རེ་ཞུ་ཕུལ་བ་རེད། སྦགས་བཙོག་འགོག་བཅོས་ཀྱི་ཕན་འབྲས་ཉིན་བཞིན་མངོན་གསལ་དོད་དུ་ཕྱིན་པ།
《2023ལོའི་བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་སྤྱི་བསྒྲགས》ཀྱི་གྲངས་གཞི་ལས་མངོན་པར་གཞིགས་ན། 2023ལོར་ལྗོངས་ཡོངས་ཀྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་99.5%ཟིན་པ་དང་། གཙང་པོ་དང་། ཆུ་བོ། མཚོ་བཅས་གཙོ་བོའི་ཆུའི་སྤུས་ཚད་ཁྱོན་ཡོངས་ནས་ལེགས་པོ་རྒྱུན་འཁྱོངས་ཐུབ་པ་དང་། ས་རྒྱུའི་ཁོར་ཡུག་སྤུས་ཚད་བདེ་འཇགས་ཀྱི་ཆུ་ཚད་དུ་སླེབས་པ། སྒྲའི་ཁོར་ཡུག་གི་སྤུས་ཚད་སྤྱིའི་ཆ་ནས་བརྟན་པོ་ཡོད་པ། འགྱེད་འཕྲོའི་ཁོར་ཡུག་གི་སྤུས་ཚད་སྤྱིའི་ཆ་ནས་ལེགས་པོ་ཡོད་པ་སོགས་ལས་བོད་ནི་སྔར་བཞིན་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་པ་རེད།
ལྷ་ས་གྲོང་ཁྱེར་ལ་དཔེ་བཞག་ནས་བརྗོད་ན། ལུང་གཞུང་ཁུལ་དང་ཅུང་སྐམ་ཤས་ཆེ་བའི་གནམ་གཤིས་སོགས་རང་བྱུང་ས་ཁམས་ཆ་རྐྱེན་གྱི་ཤུགས་རྐྱེན་ཐེབས་པ་ཕུད་མི་འབོར་མང་བ་དང་། དཔལ་འབྱོར་འཕེལ་རྒྱས་ཅུང་མགྱོགས་པ། བཟོ་ལས་ཀྱི་བེད་མེད་རླངས་རོ་དང་། རླངས་འཁོར་གྱི་མཇུག་རླངས། ལས་ཡུལ་གྱི་ཐལ་རྡུལ་སོགས་འབུད་ཚད་ཅུང་མང་བ་སོགས་ཀྱིས་རྐྱེན་པས་རླུང་ཁམས་ཆེན་པོའི་ཁོར་ཡུག་ལ་ཐེབས་པའི་ཤུགས་རྐྱེན་ལ་ལྷོད་གཡེང་གཏོང་མི་རུང་།
དེའི་ཐད་རང་ལྗོངས་ཀྱིས《མཁའ་རླུང་གི་སྤུས་ཚད་རྒྱུན་མཐུད་ལེགས་བཅོས་བྱེད་པའི་བྱ་སྤྱོད་ཀྱི་ལག་བསྟར་ཇུས་གཞི》ཧུར་ཐག་བཟོས་ནས་ལྗོངས་ཡོངས་ཀྱི་ཕྲ་རྡུལ་དང་དྲི་ངན་གསོ་རླུང་མཉམ་དུ་ཚོད་འཛིན་བྱེད་པའི་ཆེད་དོན་བརྟག་དཔྱད་དང་ལྟ་ཞིབ་ཚད་ལེན་དང་འབྱུང་ཁུངས་དབྱེ་ཞིབ་ཀྱི་ལས་དོན་སྤེལ་ཏེ་སྦགས་བཙོག་གི་འབྱུང་ཁུངས་དང་། གྲུབ་པའི་རྐྱེན་རྩ། ཁྱབ་འགྱེད་ཐབས་ལམ་བཅས་གོ་རིམ་ལྡན་པའི་སྒོ་ནས་གསལ་པོ་བཟོས་པ་དང་། ཨར་འདམ་དང་། མདོག་ལྡན། ཚ་ནུས་མཁོ་འདོན། དམངས་སྤྱོད་མཁའ་འགྲུལ་སོགས་གཙོ་གནད་ལས་རིགས་24ཡི་ཐཱན་འབུད་ཞིབ་བསྡུར་ལས་དོན་སྤེལ་བ། 《མཁའ་རླུང་གི་སྤུས་ཚད་ལེགས་པོ་རྒྱུན་འཁྱོངས་བྱེད་པའི་འཆར་འགོད》དང《“ལོ་ལྔ་ཚན་བཅུ་བཞི་པའི”མཁའ་རླུང་དང་འཛེར་སྒྲའི་སྦགས་བཙོག་འགོག་བཅོས་ལག་བསྟར་ཇུས་གཞི》ལག་བསྟར་བྱས་ཏེ་ཁྲའེ་ཡིའུ་སྣུམ་དང་ཟོག་འདྲེན་རླངས་འཁོར་གྱི་སྦགས་བཙོག་བཅོས་སྒྲིག་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཉེར་སྤྱོད་འཕྲུལ་སྒུལ་འཁོར་རིགས་ཀྱི་མཇུག་རླངས་ལ་ལྟ་འདོམས་ཀྱི་རིམ་གསུམ་དྲ་སྦྲེལ་ལས་སྟེགས་བསྐྲུན་པ། འཕྲུལ་སྒུལ་འཁོར་རིགས་ཀྱི་རྒྱལ་ཁབ་ཀྱི་དུས་མཚམས་དྲུག་པའི་ཕྱིར་འབུད་ཚད་གཞི་ལག་བསྟར་བཅས་བྱས་ནས་གྲོང་ཁྱེར(ས་ཁུལ)7གྱི་འགྲོ་ལམ་འགྲིམ་འགྲུལ་མིན་པའི་འཕྲུལ་འཁོར་བཀག་འགོག་ཁུལ་དབྱེ་མཚམས་འབྱེད་པ་དང་། འཕྲུལ་ཆས་ཁག་5109ཨང་སྒྲིག་ཐོ་འགོད་ལེགས་གྲུབ་ཟིན་པ། ནུས་རྒྱུ་གསར་པའི་རླངས་འཁོར་5225གསར་དུ་བསྣན་པ་བཅས་རེད། ཀྲེང་ཏུན་35དང་དེ་མན་གྱི་རྡོ་སོལ་སྲེག་པའི་ཁྲོ་ཐབ་ལ“ཞིབ་བཤེར་ཆོག་མཆན་གང་ཡང་མི་སྤྲོད་པ”རྒྱུན་འཁྱོངས་བྱས་ཡོད།
རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གི་འབྲེལ་ཡོད་འགན་འཁུར་བས“ད་ལོའི་ལོ་སྨད་དུ་ང་ཚོས་དྲི་ངན་གསོ་རླུང་གི་གཞི་གདན་ཚད་གཞི་ལས་བརྒལ་རིགས་ཁུངས་འདེད་བརྟག་དཔྱད་བྱེད་ཀྱི་ཡིན”ཞེས་བཤད།
ས་མཐོའི་ལྗང་མདོག་དང་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
2015ལོར་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱིས“བོད་གློག་ཕྱིར་གཏོང”གི་ལེའུ་གསར་པ་བརྩམས་ཡོད། 2020ལོར་རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སིས“2021ལོ་ནས་2023ལོའི་བར་གྱི་ཆུ་ཚོད་ཆན་ཝ་དུང་ཕྱུར་61ཟིན་པའི་བོད་ཀྱི་ནུས་རྒྱུ་གཙང་མ་འདྲེན་སྤྱོད་སྒྲོམ་གཞིའི་གྲོས་མཐུན”བཞག་ནས་བོད་ཀྱི་ཆུ་གློག་དང་འོད་ཤུགས་སོགས་ནུས་རྒྱུ་གཙང་མ་དག་ཡ་ཀྲུང་དང་། ཧྲའོ་དབྱི། ཆིང་ཡུས། ལིན་ཧྲའོ་སོགས་གློག་ཆེན་ཐད་རྒྱུག་བརྒྱུད་ལོ་ལྟར་དབུས་ཤར་ཁུལ་གྱི་ཞིང་ཆེན(གྲོང་ཁྱེར)11དུ་སྐྱེལ་གྱི་ཡོད།
2023ལོའི་ལོ་མཇུག་བར། རིམ་རྩིས་བརྒྱབ་ན། ནུས་རྒྱུ་གཙང་མའི་གློག་ཤུགས་ཕྱིར་གཏོང་བྱེད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་139ལྷག་ཙམ་ཟིན་གྱི་ཡོད་པ་རེད།
“‘བོད་གློག་ཕྱིར་གཏོང’གིས་བོད་ཀྱི་ནུས་རྒྱུ་གཙང་མ་གཞི་ཁྱོན་ཆེན་པོས་འདྲེན་སྤྱོད་བྱེད་པ་དང་། འཕྲོད་སྣེའི་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་མ་ཐེབས་པ་མ་ཟད། ད་དུང་བོད་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་ནས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྒྱུན་མཐུད་རྟེན་གཞི་མགྱོགས་མྱུར་བསྐྲུན་རྒྱུར་ཡང་རྨང་གཞི་བརྟན་པོ་བཏིང་ཡོད”ཅེས་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀུང་སིའི་ཏུང་ཧྲི་ཀྲང་ཏང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཏུང་ཁྲང་གིས་བཤད།
ཉེ་བའི་ལོ་ཤས་རིང་། མཚོ་བོད་ས་མཐོར་སྤྱི་ཡོངས་ནས་ཐཱན་ཚད་སྙོམ་སྦྱོར་བྱུང་ཡོད། 2023ལོའི་ལོ་མཇུག་བར། ལྗོངས་ཡོངས་སུ་སྒྲིག་སྦྱོར་བྱས་པའི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་758ཟིན་པ་ལས་ནུས་རྒྱུ་གཙང་མའི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ཀྱིས་95.1%ཟིན་ཡོད་པ་རེད། བོད་ལྗོངས་གསར་སྤེལ་མ་འཇོག་ཚོགས་པས་ལྗོངས་ནང་ཁུལ་གྱི་རྒྱལ་སྤྱིའི་ལྗང་མདོག་གློག་ཤུགས་ལག་ཁྱེར་ཉོ་ཚོང་ཐེངས་དང་པོ་བྱས་རྗེས་སླར་ཡང་ལྗང་མདོག་གློག་ཤུགས་ལག་ཁྱེར་ཉོ་ཚོང་མང་པོ་བྱས་ནས། བོད་ཀྱི་ཁེ་ལས་ལྗང་མདོག་གློག་ཤུགས་ལག་ཁྱེར་ཚོང་དོན་ནང་ཞུགས་པར་ཉམས་མྱོང་བསགས་ཡོད་པ་རེད། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱིས“e-ཉོ་ཚོང”ལས་སྟེགས་བརྒྱུད་ལྗོངས་ནང་ཁུལ་གྱི་ལྗང་མདོག་གློག་ཤུགས་ཉོ་ཚོང་བྱེད་ཐེངས་དང་པོ་ཐོག་མར་ལེགས་སྒྲུབ་བྱས་ཤིང་ཟླ་རེར་གློག་ཆུ་ཚོད་ཆན་ཝ་ཁྲི་290རེ་ཟིན་གྱི་ཡོད་པ་རེད།
ལྗང་མདོག་ཐོན་ལས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་སྦྱིན་པ་དང་ཆབས་ཅིག རང་ལྗོངས་ཀྱིས་ཆ་སྙོམས་ལོ་རེར་མང་ཚོགས་ལ་སྐྱེ་ཁམས་ལས་གནས་ཁྲི་50ལྷག་ཙམ་མཁོ་འདོན་བྱས་ནས། ཞིང་འབྲོག་པ་ཁྲི་226.22ཀྱིས་རྩྭ་ཐང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁ་གསབ་སྲིད་ཇུས་ལོངས་སུ་སྤྱོད་ཀྱི་ཡོད། གནས་འཕྲོད་ལས་འཚམ་དང་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་བས། མི་དམངས་མང་ཚོགས་ཀྱི“སྐྱེ་ཁམས་ཡོང་འབབ”འཕར་བ་དང་ཆབས་ཅིག སྐྱེ་ཁམས་ཁོར་ཡུག་གི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟབ་ཏུ་རྒྱུན་མཐུད་འགྲོ་བཞིན་ཡོད་པ་རེད།