རིག་གནས་འཚོ་བའི་སྟོན་མོ་གཟབ་རྒྱས་བཤམས། ཡུལ་སྐོར་ཁོར་ཡུག་ མཛེས་སྡུག་ཡིད་དབང་འཕྲོག
—— བྲག་ཡིབ་ཆུས་ཀྱིས་གྲོང་ཁྱེར་གྱི་སོས་དལ་རིག་གནས་ཀྱི་རྣམ་པ་ཟབ་ཏུ་ཧུར་ཐག་བཏང་བ།
འདི་ནི་ཉང་ཆུའི་ངོགས་ཀྱི་གཙང་འགྲམ་སྤྱི་གླིང་དུ་གླིང་ཁའི་བརྗོད་དོན་གཙོ་བོའི་རོལ་དབྱངས་འདུ་ཚོགས་ཀྱི་འཁྲབ་སྟོན་བྱ་ཡུལ་ཡིན་པ།
འདི་ནི་གླིང་ཁའི་བརྗོད་དོན་གཙོ་བོའི་རོལ་དབྱངས་འདུ་ཚོགས་སུ་ལས་དོན་པས་གྲོང་མི་དང་ཡུལ་སྐོར་བར་ཞིང་ཞོར་ཐོན་རྫས་ངོ་སྤྲོད་བྱེད་བཞིན་པ།
བྲག་ཡིབ་ཆུས་ཀྱི“གྲོང་ཆུང་Time”བྱེད་སྒོའི“ང་ཚོ་སྙན་ངག་ལ་དགའ་ཞེན་ཆེ”ཞེས་པའི་དམངས་གཞས་དང་སྙན་ངག་གྱེར་འདོན་འདུ་ཚོགས་གཉེར་ཡུལ་ཡིན་པ།
གླིང་ཁའི་བརྗོད་དོན་གཙོ་བོའི་རོལ་དབྱངས་འདུ་ཚོགས་སུ་གྲོང་མི་དང་ཡུལ་སྐོར་བས་སྲོལ་རྒྱུན་གྱི་ཞིམ་ཟས་ལ་བྲོ་བ་ལྟ་བཞིན་པ།
འདི་ལོའི་ཟླ་3པ་ཚུན་དུ་བྲག་ཡིབ་ཆུས་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་གྲོང་ཁྱེར་གྱི་སོས་དལ་རིག་གནས་ཀྱི་རྣམ་པ་ཟབ་ཏུ་གཏོང་བའི་རྣམ་གྲངས་ཏེ། བྲག་ཡིབ་ཆུས་ཀྱི“གྲོང་ཆུང་Time”རྣམ་གྲངས་ལག་ལེན་བསྟར་ཏེ་བྲག་ཡིབ་ཆུས་ཀྱི་གྲོང་ཁྱེར་དེབ་ཁང་དང་དེ་བཞིན་ཝུའུ་ཀྲོའུ་ཧོང་ཀོན་གསོལ་མགྲོན་ཁང་གི་ཚོམས་ཆེན་སོགས་སྤྱི་པའི་བར་མཐོངས་སྣ་ཚོགས་སྤྱད་དེ་སོས་དལ་རིག་གནས་བྱེད་སྒོ་དུས་ཐེངས་མང་པོ་བསྟུད་མར་སྤེལ་ནས་གྲོང་མིའི་ཉམས་ལེན་དང་སྐྱིད་སྣང་ཆེ་རུ་ཏན་ཏིག་བཏང་ཡོད།
ཉང་ཆུ་མེ་ཏོག་ལྡུམ་རའི་ཁུལ་དུ་སྡོད་པའི་གཡུ་མཚོ་ཡིས“དེ་གོང་ངས་ཁྲེང་ཏུའུ་རུ་སྡེ་ཁུལ་གྱིས་གཉེར་བའི་གཟའ་མཇུག་གི་རིག་གནས་ཉམས་ལེན་བྱེད་སྒོ་སྣ་ཚོགས་ལ་ཞུགས་མྱོང་། སྣུམ་ཚོན་རི་མོ་དང་། ཡིག་གཟུགས། རང་རྒྱལ་གྱི་སྲོལ་རྒྱུན་རི་མོ་སོགས་ལ་བག་ཆགས་ཟབ་མོ་བྱུང་བས་ད་བར་ཉིང་ཁྲིར་ཡང་བྱེད་སྒོ་དེ་རིགས་སྤེལ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། བསམ་ཡུལ་ལས་འདས་པ་ཞིག་ལ་ཉེ་ཆར་ཁུལ་ཆུང་གི་ཉེ་འགྲམ་དུ་སྙན་ངག་གྱེར་འདོན་འདུ་ཚོགས་འདུག་ལ། ད་དུང་དོན་སྙིང་ལྡན་པའི་འཆད་འཁྲིད་ཁག་གཅིག་ཀྱང་འདུག བྱེད་སྒོ་དེ་རིགས་རྟག་ཏུ་སྤེལ་ནས་ང་ཚོའི་རྒྱུན་གཏན་གྱི་འཚོ་བར‘འཆར་ཡན’གྱིས་ཁེངས་པའི་རེ་བ་བྱེད་ཀྱི་ཡོད”ཅེས་བརྗོད།
བྲག་ཡིབ་ཆུས་ཀྱི“གྲོང་ཆུང་Time”ཕུད། བྲག་ཡིབ་ཆུས་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་ཉེ་དུས་ད་དུང་ཉང་ཆུའི་ངོགས་ཀྱི་གཙང་འགྲམ་སྤྱི་གླིང་དུ་ཐུན་མོང་མ་ཡིན་པའི་གླིང་ཁའི་བརྗོད་དོན་གཙོ་བོའི་རོལ་དབྱངས་འདུ་ཚོགས་ཤིག་གཉེར་ཞིང་། དེ་ནི་བྲག་ཡིབ་ཆུས་ཀྱིས་འདི་ལོ་ཚུན་བཏོད་པའི་གཟའ་མཇུག་གི་རོལ་རྩེད་སོས་དལ་དང་འཛད་སྤྱོད་གཞི་གཅིག་ཏུ་འདུས་པའི་བྱེད་ཐབས་གསར་པ་ཞིག་ཡིན་པ་རེད།
གླིང་ཁའི་བརྗོད་དོན་གཙོ་བོའི་རོལ་དབྱངས་འདུ་ཚོགས་ཀྱི་གར་སྟེགས་སྤང་ལྗོངས་སྟེང་དུ་བརྒྱབ་ཡོད་པས་མིག་ལ་མཛེས་ཤིང་ཧ་ཅང་སྤམ། མི་ནག་འཆམ་དང་། ཀོང་པོའི་མདའ་གཞས། ཀོང་པོའི་དམངས་གཞས་སོགས་མངོན་མིན་རིག་གནས་ཤུལ་གཞག་རེས་མོས་ངང་འཁྲབ་སྟོན་བྱས་ཏེ་གྲོང་མི་དང་ཡུལ་སྐོར་བ་ཚོར་རིག་གནས་ཀྱི་རྣམ་པ་ཟབ་མོའི་ཁྲོད་དུ་སྲོལ་རྒྱུན་གྱི་དམངས་སྲོལ་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་དང་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ནང་དོན་ཉམས་སུ་མྱོང་དུ་བཅུག་ཡོད།
ས་གནས་ས་ཐོག་ཏུ་ཀོང་པོའི་བོད་རིགས་ཀྱི་རྒྱན་གོས་འགྲན་བསྡུར་དང་། སྲོལ་རྒྱུན་ཞིམ་ཟས་ཉམས་ལེན་དང་དེ་བཞིན་ཞིང་ཞོར་ཐོན་རྫས་ལ་བྲོ་བ་ལྟ་བ། ཤོ་རྒྱག་པ་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད། དམིགས་བསལ་གྱི་མངོན་མིན་རིག་གནས་ཤུལ་བཞག་དང་ཞིམ་ཟས་འདི་གར་འདུས་ཏེ་གྲོང་མི་དང་ཡུལ་སྐོར་བར་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད། བྲག་ཡིབ་ཆུས་ཀྱི་གྲོང་རྡལ་བཞི་དང་ཤང་གསུམ་གྱི་བྲ་བོའི་བག་ལེབ་དང་། ཞོ། བོད་ཕག་གི་ཤ ཤིང་ཏོག་ལན་མའེ། རྒྱ་སེའི་མེ་ཏོག་གི་ཇ་སོགས་སྲོལ་རྒྱུན་ཞིམ་ཟས་མྱོང་རོལ་དང་ཞིང་ཞོར་ཐོན་རྫས་ལ་བྲོ་བ་ལྟ་བའི་བྱེད་སྒོ་སྤེལ་བས་གྲོང་མི་དང་ཡུལ་སྐོར་བ་མི་ཉུང་བ་ཞིག་དེ་གར་བྲོ་བ་ལྟ་བར་ཡོང་སྟེ་ཐག་ཉེ་ས་ནས་མངོན་མིན་རིག་གནས་ཤུལ་བཞག་གི་ཉམས་འགྱུར་དང་ཡིད་དབང་འཕྲོག་ཤུགས་ཉམས་ལེན་ཐུབ་ཡོད།
ཡུལ་ལྗོངས་མཛེས་ལ་གསུང་སྐད་སྙན། ཉང་ཆུ་གཙང་པོའི་རྦ་རླབས་ཀྱིས་གཙང་འགྲམ་གྱི་གྲམ་ཐང་དང་རྩྭ་རྩི་ཤིང་ལ་བྱིལ་བྱིལ་བྱེད་པ་དང་། གསུང་སྐད་སྙན་པའི་བྱ་བྱིའུ་ཡི་ཚོགས་ཤིང་ནགས་ཁྲོད་དུ་འཕུར་རྩལ་ངོམ་བཞིན་མཆིས། དེ་གོང་གཙང་འགྲམ་སྤྱི་གླིང་གི་ཁོར་ཡུག་སྐྱིད་པས་བྲག་ཡིབ་ཆུས་ཀྱི་གྲོང་མིས་རྟག་ཏུ་དེ་གར་ཡོལ་བ་འཐེན་པ་དང་། གུར་ཕུབ་པ། གླིང་ག་གཏོང་བ་སོགས་བྱེད་ཀྱི་ཡོད། སྤྱི་པའི་སྒྲིག་བཀོད་དང་སྤྱི་གླིང་གི་མ་མཐའི་ནུས་པར་ཤུགས་རྐྱེན་མི་ཐེབས་པའི་གནས་ཚུལ་འོག་བྲག་ཡིབ་ཆུས་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་རྒྱལ་ནང་གི་གྲོང་ཁྱེར་གཞན་དག་གི་ཉམས་མྱོང་བཟང་པོ་སློབ་སྦྱོང་དང་དེར་དཔེ་བལྟས་ཏེ་བློ་ཁོག་ཆེན་པོས་ཚོད་ལྟ་བྱས་པ་དང་། གླིང་ཁའི་བརྗོད་དོན་གཙོ་བོའི་རོལ་དབྱངས་འདུ་ཚོགས་གཉེར་ནས་གྲོང་ཁྱེར་གྱི་རིག་གནས་གཟུགས་བརྙན་བཏོད་དེ་གྲོང་མི་དང་ཡུལ་སྐོར་བར་འཛད་སྤྱོད་བྱེད་པར་སྐུལ་འདེད་བཏང་ཡོད།
“གླུ་གཞས་དང་། ཚོང་འདུས། ཡུལ་སྐོར”བཅས་ཟུང་འབྲེལ་གྱི་ཐབས་ལམ་སྤྱད་པས་གྲོང་མིའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པ་དང་ཆབས་ཅིག་བྲག་ཡིབ་ཆུས་དེ་ཉིད་དབྱིངས་དོད་ཅིང་། ལང་ཚོའི་གསོན་ཤུགས་རྒྱས་ཏེ་འཁྲུག་ཆ་ཧ་ཅང་དོད་པོ་ཡོད་པ་རེད།
ཡུན་ནན་ནས་ཉིང་ཁྲིར་འཁོར་འཁྲིད་ཡུལ་སྐོར་ལ་ཡོང་བའི་ལིན་ཧྲེང་པིན་གྱིས“མཛེས་ལྗོངས་ས་ཚིགས་ནས་མཐོང་ཐུབ་པའི་ངེས་པ་མེད་པའི་མངོན་མིན་རིག་གནས་ཤུལ་བཞག་གི་འཁྲབ་སྟོན་དང་། ཡུལ་ཟོག་ཚོང་ཁང་ནས་མཐོང་ཐུབ་པའི་ངེས་པ་མེད་པའི་ཡུལ་འདི་གའི་ཞིང་ཞོར་ཐོན་རྫས་གླིང་ཁའི་བརྗོད་དོན་གཙོ་བོའི་རོལ་དབྱངས་འདུ་ཚོགས་སུ་ཚང་མ་བཀོད་སྒྲིག་བྱས་འདུག གླིང་ཁའི་བརྗོད་དོན་གཙོ་བོའི་རོལ་དབྱངས་འདུ་ཚོགས་གཉེར་ཡུལ་ནི་ཁང་འཁོར་སྒར་སའི་འཁྲིས་སུ་ཡོད་པས་ང་ཚོ་ཧ་ཅང་དགའ་པོ་བྱུང་། ཉིང་ཁྲིས་བྱེད་སྒོ་དེ་རིགས་ཁྱབ་གདལ་མང་ཙམ་གཏོང་རྒྱུའི་རེ་བ་ཡོད”ཅེས་བརྗོད།
སྤྱི་པའི་བར་མཐོངས་བརྒྱུད་ནས“གྲོང་ཁྱེར་བར”སྒོ་རྩ་ནས་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ལོངས་སྤྱོད་བྱེད་པའི་གར་སྟེགས་དང“འགྲུལ་པས”ཉིང་ཁྲིའི་ཁྱད་ལྡན་རིག་གནས་རྒྱུས་ལོན་དང་ཉམས་ལེན་བྱེད་པའི་སྐར་ཁུང་དུ་གྱུར་ཡོད། བྲག་ཡིབ་ཆུས་སུ་གྲོང་ཁྱེར་གྱི་སྣ་མང་རང་བཞིན་འཚོལ་ཞིབ་ཤུཌ་ཆེན་བྱས་ཏེ་བྲག་ཡིབ་ཆུས་ཀྱིས་སོས་དལ་རིག་གནས་ཀྱི་རྣམ་པ་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་བ་དང་། ཡུལ་སྐོར་གྱི་ཁོར་ཡུག་བཟང་པོ་གཏོད་པ། དཔལ་འབྱོར་འཕེལ་རྒྱས་དང་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་གི་ཡོད།