ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གིས།
གཟི་བྱིན་བླ་མཚོའི་ཡུལ་སྐོར་ཞབས་ཞུའི་རྩལ་ནུས་འགྲན་བསྡུར་ཆེན་པོ་སྐབས་གཉིས་པ་སྤེལ་བ།
འདི་ནི་ལྕགས་རྩིབས་བཟོ་པའི་རྩལ་ནུས་འགྲན་བསྡུར་ཆེན་པོའི་འགྲན་ཞུགས་བདམས་ཐོན་པས་འགྲན་བསྡུར་བྱེད་བཞིན་པ།
ཉེ་ཆར་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། ཟངས་རི་རྫོང་མི་སྤྱི་ཅུས་དང་། རྫོང་མང་ཚོགས་ཚོགས་པའི་ལས་དོན་པུའུ། རྫོང་རིག་གནས་དང་ཡུལ་སྐོར་ཅུས་བཅས་ཀྱིས་གཉེར་འགན་འཁུར་བའི་ཟངས་རི་རྫོང་གི་གཟི་བྱིན་བླ་མཚོའི་ཡུལ་སྐོར་ཞབས་ཞུའི་རྩལ་ནུས་འགྲན་བསྡུར་ཆེན་པོ་སྐབས་གཉིས་པ་བདེ་བླག་ངང་སྤེལ་བ་དེའི་དམིགས་ཡུལ་ནི་ཟངས་རི་རྫོང་གི་ཡུལ་སྐོར་ཤེས་ལྡན་པའི་གསོ་སྐྱོང་ཐབས་ལམ་སྔར་བས་རྒྱ་ཆེར་གཏོང་བ་དང་འབྲེལ། ཟངས་རི་རྫོང་གི་ཡུལ་སྐོར་ཞབས་ཞུའི་རྩལ་ནུས་གསོ་སྦྱོང་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་ལྟ་ཞིབ་ཐེངས་གཅིག་བྱེད་ཆེད་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་འགྲན་བསྡུར་ཆེན་པོར་དམངས་ཡོངས་ཀྱི་གསར་གཏོད་ལས་གཏོད་ཀྱི་འགྲན་བསྡུར་ཆེན་པོ་དང་། མཛེས་ལྗོངས་ཁུལ་གྱི་འགྲེལ་བཤད་པའི་འགྲན་བསྡུར་ཆེན་པོ། མགྲོན་ཁང་གི་ཞབས་ཞུ་བའི་རྩལ་ནུས་འགྲན་བསྡུར་ཆེན་པོ། མི་རིགས་ལག་ཤེས་བཟོ་རྩལ་གྱི་རྩལ་ནུས་འགྲན་བསྡུར་ཆེན་པོ། མ་བྱན་གྱི་རྩལ་ནུས་འགྲན་བསྡུར་ཆེན་པོ། ལྕགས་རྩིབས་བཟོ་པའི་རྩལ་ནུས་འགྲན་བསྡུར་ཆེན་པོ་བཅས་འགྲན་བསྡུར་རྣམ་གྲངས་6བཀོད་སྒྲིག་བྱས་ཡོད།
ཟངས་རི་རྫོང་ཟངས་རི་གྲོང་རྡལ་ཁྲི་ཁང་གྲོང་ཚོའི་འགྲན་ཞུགས་བདམས་ཐོན་པ་སྐལ་བཟང་རྡོ་རྗེས་ཞིབ་སྤེལ་བྱས་པའི་གོས་འཁྲུའི་གཤེར་ཁུ་དང་སྣུམ་སྙིགས་གཙང་སེལ་སོགས་ཐོན་རྫས་ཁྱེར་ནས་གསར་འགོད་པར། རྩལ་ནུས་འགྲན་བསྡུར་ཆེན་པོ་བརྒྱུད་རང་ཉིད་ཀྱི་ཐོན་རྫས་སྔར་བས་ཁྱབ་གདལ་ཐུབ་པ་དང་ཆབས་ཅིག་འགྲན་བསྡུར་ནང་ལས་གཏོད་ཀྱི་ཉམས་མྱོང་དེ་བས་མང་བ་བསགས་ནས་ལས་གཏོད་ཀྱི་རྩལ་ནུས་སྔར་བས་ཡག་པོ་སྦྱངས་ཏེ་རང་ཉིད་ཀྱི་ལས་གཏོད་ཆུ་ཚད་སྔར་བས་གོང་མཐོར་འགྲོ་ཐུབ་པའི་རེ་བ་ཡོད་ཅེས་བཤད།
ཟངས་རི་རྫོང་མི་སྤྱི་ཅུས་ཀྱི་ཅུས་ཀྲང་ཉི་མ་ཚེ་རིང་གིས། “རྩལ་ནུས་འགྲན་བསྡུར་ཆེན་པོ་སྤེལ་བ་བརྒྱུད་ཡུལ་སྐོར་ཞབས་ཞུའི་རྩལ་ནུས་ཤེས་ལྡན་པ་སྔར་བས་མང་བ་སྔོག་འདོན་དང་སྐྱེད་སྲིང་གཏིང་ཟབ་བྱས་ཡོད། གོམ་སྟབས་རྗེས་མར་ཡུལ་སྐོར་ལས་ཞུགས་མི་སྣའི་ཆེད་ལས་ཀྱི་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་ཁོང་ཚོའི་ཞབས་ཞུའི་སྤྲོ་སེམས་འཕེལ་བར་བྱས་ཏེ་ཟངས་རི་རྫོང་གི་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྟོབས་ཤུགས་སྔར་བས་ལེགས་སྐྱེས་འབུལ་གྱི་ཡིན”ཞེས་བཤད།