གངས་ལྗོངས་ས་གཞི་ཡངས་པོ་རུ་ཁྲུང་ཁྲུང་སྐེ་ནག་གར་ལ་རོལ།
འདི་ནི་2023ལོའི་ཟླ་12པར་ཡར་ཀླུང་གཙང་པོའི་བྱང་ངོགས་ཀྱི་རྣམ་གླིང་སྐྱེ་ཁམས་དཔེ་སྟོན་ཁུལ་གྱི་མཁའ་དབྱིངས་སུ་འཕུར་ལྡིང་བྱེད་བཞིན་པའི་ཁྲུང་ཁྲུང་སྐེ་ནག་ཡིན་པ།(བཅར་འདྲི་དང་ལེན་བྱེད་མཁན་གྱིས་པར་རིས་མཁོ་འདོན་བྱས)
འདི་ནི་2024ལོའི་ཟླ་9ཚེས་1ཉིན་ཡར་ཀླུང་གཙང་པོའི་བྱང་ངོགས་ཀྱི་རྣམ་གླིང་སྐྱེ་ཁམས་དཔེ་སྟོན་ཁུལ་དུ་ཡུལ་དེ་གའི་ནགས་སྲུང་བས་ནགས་ཤིང་ལ་ཡལ་བཞུར་རྒྱག་བཞིན་པ། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་རུའེ་པོ་ཡིས་པར་བླངས)
འདི་ནི་2024ལོའི་ཟླ་9ཚེས་1ཉིན་ཡར་ཀླུང་གཙང་པོའི་བྱང་ངོགས་ཀྱི་རྣམ་གླིང་སྐྱེ་ཁམས་དཔེ་སྟོན་ཁུལ་དུ་ཤིང་ནགས་སྟུག་ཅིང་ནམ་མཁའ་སྔོ་ཞིང་དྭངས་བ་གཉིས་ཕན་ཚུན་གཅིག་ལ་གཅིག་བརྒྱན་གྱི་རྣམ་པ་ཡིན་པ། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་རུའེ་པོ་ཡིས་པར་བླངས)
བད་དཀར་འཆར་བ་དང་སྟོན་གྱི་གྲང་ཟུག་ཀྱང་ཚུགས་འོང་། གསར་འགོད་པ“གངས་ལྗོངས་ས་མཐོར་རྣམ་པ་གསར་པ་མངོན”ཞེས་པའི་བརྟག་ཞིབ་བཅར་འདྲི་ཚོགས་པ་དང་མཉམ་དུ་རླངས་འཁོར་ལ་བསྡད་དེ་ལང་ལོང་དུ་རྒྱུག་པའི་ཡར་ཀླུང་གཙང་པོའི་བཞུར་རྒྱུན་འདེད་དེ་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ཨེ་མ་ཤང་དུ་འབྱོར་བ་དང་མིག་གི་མཐོང་ཆོས་སུ་གྱུར་བ་ནི་ཡུག་གཅིག་ཏུ་འབྲེལ་བའི་ཤིང་ནགས་སྟུག་པོ་དག་ལགས། ཟླ་བ་གཅིག་སོང་རྗེས་དགུན་སྒྲོལ་དུ་ཡོང་བའི་ཁྲུང་ཁྲུང་སྐེ་ནག་སྟོང་ཕྲག་མང་པོ་དེ་གར་སླེབས་རྒྱུ་རེད།
ཁྲུང་ཁྲུང་སྐེ་ནག་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་གི་རི་སྐྱེས་སྲོག་ཆགས་ཤིག་ཡིན་པ་དང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་2500ནས་5000བར་གྱི་ས་མཐོ་དང་སྤང་ལྗོངས་སོགས་སུ་འཚོ་སྡོད་བྱེད་ཅིང་། དེ་ནི་འཛམ་གླིང་ཐོག་གི་ཁྲུང་ཁྲུང་རིགས་15ཡི་ཁྲོད་ས་མཐོར་འཚོ་གནས་དང་སྐྱེ་འཕེལ་བྱེད་པའི་ཁྲུང་ཁྲུང་གི་རིགས་འབའ་ཞིག་རེད།
“ཁྲུང་ཁྲུང་སྐེ་ནག་རྩྭ་སྟུག་པོ་དང་ཆུ་ཕྲན་མཉམ་འདྲེས་ཀྱི་ས་ཆར་འཚོ་སྡོད་ལ་དགའ་བ་དང་རྩི་ཤིང་གི་སྡོང་རྐང་དང་ལོ་མ་ཟ་བ་མ་ཟད། ཞིང་ནང་གི་སྐྱེ་དངོས་ལྷག་མ་ཡང་ཟ་གི་ཡོད་པར་བརྟེན་མང་ཚོགས་ཀྱིས་སྐབས་རེ་གྲོང་ཚོའི་འགྲམ་ནས་ཁྲུང་ཁྲུང་སྐེ་ནག་དག་མཐོང་ཐུབ”རྣམ་གླིང་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་སུའུ་ཅན་གྱིས། སྔོན་ཆད་རྫོང་ཁོངས་ཀྱི་ཆུ་བོའི་ངོགས་གཉིས་གྲམ་ཐང་ཡིན་པས་དགུན་དཔྱིད་གཉིས་སུ་བྱེ་རླུང་འཚུབ་ཀྱི་ཡོད། “ཞིང་པ་ཚོ་ཞིང་ནང་དུ་ཞིང་ལས་བྱེད་སྐབས་བྱེ་རླུང་འཚུབ་དུས་ལམ་རྒྱགས་བླུགས་པའི་ཁུག་མའང་བྱེ་མའི་ཁྲོད་མཐོང་རྒྱུ་མེད་པར་གྱུར་གྱི་ཡོད་པས་ཁྲུང་ཁྲུང་སྐེ་ནག་དེ་གར་དགུན་སྒྲོལ་ལ་ཡོང་རྒྱུ་ལྟ་ཅི”ཅེས་བཤད།
བོད་ལྗོངས་ཡར་ཀླུང་གཙང་པོའི་དབུས་རྒྱུད་རོང་སའི་ཁྲུང་ཁྲུང་སྐེ་ནག་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་ཡར་ཀླུང་གཙང་པོའི་བྱང་ངོགས་ཀྱི་རྣམ་གླིང་སྐྱེ་ཁམས་དཔེ་སྟོན་ཁུལ་བཙུགས་པ་སོགས། ལོ་མང་རིང་བོད་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱིས་རྒྱུན་མཐུད་ངང་མ་དངུལ་སྒོར་དུང་ཕྱུར་2.4ལྷག་ཙམ་བཏང་ནས་སྐྱེ་ཁམས་འཛུགས་སྐྲུན་བྱས་པ་དང་། གསར་དུ་བཙུགས་པའི་དཔེ་སྟོན་ཁུལ་དུ་ནགས་གསོ་མུའུ་ཁྲི་4ལྷག་ཙམ་བྱས་པས་དེ་སྔའི་གྲམ་ཐང་དག་གཙང་འགྲམ་གྱི་སྔོ་ལྗང་ཁུལ་དུ་གྱུར་ནས་ཁྲུང་ཁྲུང་སྐེ་ནག་གི་དགུན་སྒྲོལ་བྱ་ཡུལ་ཡག་ཤོས་སུ་གྱུར་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། བོད་ལྗོངས་ཀྱི་ས་ཁོངས་ནང་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་དུས་རབས་20པར་3000ཡང་མ་ཟིན་པ་ནས་མིག་སྔའི་ཁྲི་1ལྷག་ཙམ་བར་མང་དུ་ཕྱིན་པ་དང་ཁྱུ་ཚོགས་ཀྱི་གྲངས་འབོར་རྒྱུན་མཐུད་འཕར་ཡོད།
སྟོན་དགུན་དུ་ཁྲུང་ཁྲུང་གི་སྙན་འཇེབས་ལྡན་པའི་སྐད་སྒྲ་ཉན་པ་དང་ལྡེམ་ཞིང་འཁྱུག་པའི་གར་གྱི་སྟངས་སྟབས་ལྟ་བ་དེ་གངས་ལྗོངས་ས་མཐོའི་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བར་གྱུར་ཡོད། ཨེ་མ་ཤང་སླེའུ་ཀོག་གྲོང་ཚོའི་ལོ་38ལ་སླེབས་པའི་གྲོང་མི་བུ་ཆུང་2015ལོར་ནགས་སྲུང་བར་བསྡུས་པ་དང་ནམ་ཀུན་ནགས་ཤིང་ལ་སྐོར་སྲུང་བྱེད་པའི་འགན་འཁུར་གྱི་ཡོད། གནམ་གཤིས་གྲང་དུ་འགྲོ་རིམ་བཞིན་ཁོང་གིས་ཁྲུང་ཁྲུང་སྐེ་ནག་ཕྱིར་ལོག་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། བུ་ཆུང་གིས་ལོ་ལྟར་གྱི་ཟླ་10པ་ནས་ཕྱི་ལོའི་ཟླ་3པའི་བར་ཁྲུང་ཁྲུང་སྐེ་ནག་ཁྱུ་དང་ཁྱུ་ནགས་གསེབ་ཏུ་འཕུར་བ་དང་། མཁའ་དབྱིངས་སུ་འཕུར་ལྡིང་བྱེད་པ། འདམ་རའི་སྟེང་བབས་པ་བཅས་མཐོང་རྒྱུ་ཡོད།“དེ་ནི་གྲོང་མི་ཚོས་རྟག་ཏུ་མཐོང་བའི་རྣམ་པ་ཞིག་ཡིན་ལ་དེ་ལས་སྤོབས་པའང་སྐྱེ་ཡི་ཡོད”ཅེས་བཤད།
“ལོ་དེ་དག་རིང་རྒན་ལགས་ཀྱིས་རྟག་ཏུ་ང་ཚོར་འདེབས་འཛུགས་དང་ཞིང་ཆུ་འདྲེན་པའི་ལག་རྩལ་བསླབ་ཀྱི་ཡོད་ལ་རང་ཉིད་ཀྱི་ལག་རྩལ་ཡར་རྒྱས་ཕྱིན་ནས་ནགས་ཁུལ་ལ་ལྟ་སྐྱོང་དེ་བས་ཞིབ་ཅིང་ཕྲ་བ་དང་ཚན་རིག་དང་མཐུན་པ་ཞིག་བྱེད་ཀྱི་འདུག ནགས་ཞིང་དང་རྩྭ་ས་ཇི་ཙམ་རྒྱས་པ་ལས་དགུན་སྒྲོལ་དུ་ཡོང་བའི་ཁྲུང་ཁྲུང་སྐེ་ནག་ཀྱང་དེ་ཙམ་གྱིས་ཇེ་མང་དུ་འགྲོ་གི་ཡོད”ཅེས་བུ་ཆུང་གིས་སྟོན་བསྡུའི་དུས་སུ་ཁྲུང་ཁྲུང་སྐེ་ནག་དགུན་སྒྲོལ་བྱ་ཡུལ་ཉེ་འཁོར་གྱི་ཞིང་དུད་མི་ཉུང་བ་ཞིག་གིས་འདམ་རའི་ཉེ་འགྲམ་དུ་བཏབ་པའི་ནས་དང་ཞོག་ཁོག་སོགས་ཞིང་ལས་སྐྱེ་དངོས་ཁག་གཅིག་མ་བསྡུས་པར་ཁྲུང་ཁྲུང་སྐེ་ནག་ལ་འཇོག་གི་ཡོད། སྐོར་སྲུང་བྱེད་རིམ་བཞིན་ངས་ནས་དང་གྲོ་རྡོག་ཁ་ཤས་འཁྱེར་ཏེ་གཙང་འགྲམ་གྱི་ནགས་ཞིང་དུ་གཏོར་ནས་ཁྲུང་ཁྲུང་སྐེ་ནག་ལ་སྟེར་གྱི་ཡོད་ཅེས་བཤད།