སླར་ཡང་ཉང་ཆུའི་འགྲམ་དུ་བཅར་འདྲིར་བསྐྱོད་པ།
འདི་ནི་སྟོན་ཉམས་རབ་ཏུ་རྒྱས་པའི་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་ཡིན་པ།
འདི་ནི་ཟླ་3ཚེས་30ཉིན་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་གྲོང་མི་ཉི་མ་ཆོས་སྐྱིད(དཀྱིལ)ཀྱིས་གྲོགས་མོ་ཚོ་དང་མཉམ་དུ་ཉང་ཆུའི་གྲམ་ཐང་དུ་ཁམ་སྡོང་འཛུགས་བཞིན་པ།
འདི་ནི་ཟླ་9ཚེས་6ཉིན་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་ཕྱི་རོལ་གྱི་གྲམ་ཐང་དུ་སྐྱེ་འཚར་བཟང་བའི་སྤང་དང་ཁམ་སྡོང་ཡིན་པ།
ཟླ་6ཙམ་སོང་རྗེས་ཀྱི་ཟླ་9པར། གསར་འགོད་པ་སླར་ཡང་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་ཉང་ཆུ་གཙང་འགྲམ་དུ་བཅར་འདྲིར་བསྐྱོད་པ་ཡིན། གསོན་ཤུགས་རབ་ཏུ་རྒྱས་པའི་དེ་གའི་སྔོ་ལྗང་གི་རྣམ་པས་གསར་འགོད་པར་མཐོང་སྣང་གསར་པ་སྦྱིན་བྱུང་།
འདི་ལོའི་ཟླ་3པར་གསར་འགོད་པ་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་དུ་སྐྱོད་སྐབས་ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་དང་ཏག་ཏག་འཁེལ། “ཁམ་བུའི་མེ་ཏོག་གྲོང་ཚོ”ཞེས་གྲགས་པའི་ཀ་ལ་གྲོང་ཚོར་གྲོང་མི་ཚོ་ཚོགས་ཆུང་ཁ་ཤས་སུ་བགོས་ཏེ། ལ་ལས་གྲོང་ཚོའི་ནང་གི་ཁམ་བུའི་མེ་ཏོག་ལྡུམ་རར་ཡུལ་སྐོར་བར་སྣེ་ལེན་ཞུ་བ་དང་ལ་ལས་གྲོང་ཚོའི་ཕྱི་རོལ་གྱི་ཉང་ཆུའི་འགྲམ་དུ་ཁམ་སྡོང་འདེབས་བཞིན་མཆིས། གྲོང་མི་ཉི་མ་ཆོས་སྐྱིད་ཀྱིས་ལས་ཀའི་བར་གསེང་དུ་གྲོགས་མོ་ཚོ་དང་མཉམ་དུ་ངལ་གསོ་རྒྱག་ཞོར་གླུ་གཞས་བཏང་ནས་བསྡད་འདུག
སྐབས་དེ་དུས་ཀྱི་གྲམ་ཐང་ནི་ཐང་རྒོད་ཅིག་ཡིན་པས་རླུང་འཚུབ་ལྡང་ཕྱིན་གང་སར་ཐལ་རྡུལ་ལངས་པ་ནི་གཡོལ་ཐབས་མེད་པ་ཞིག་རེད། གྲོང་མི་ཚོས་ཐལ་རླུང་ལ་མ་འཛེམས་པར་ཞྭ་མོ་དང་ལག་ཤུབས་གྱོན་ཏེ་ལྕང་ཁུང་འདྲུ་བ་དང་། ལྕང་སོན་འཛུགས་པ། ས་རྒྱོང་བ། ཆུ་རྒྱག་པ་བཅས་ཤིང་འཛུགས་ལས་ལ་ཚ་ཚ་འུར་འུར་ངང་ཞུགས། བཅར་འདྲི་མཇུག་འགྲིལ་སྐབས་གསར་འགོད་པའི་ངོ་གདོང་ཙམ་མ་ཟད་གྱོན་གོས་དང་ལྷམ་ལ་སོགས་པ་ཚང་མ་ཐལ་བས་སྦགས།
དེ་ནས་ལོ་ཕྱེད་ཀྱང་མ་འགོར་བར་གསར་འགོད་པ་ཡང་བསྐྱར་ཀ་ལ་གྲོང་ཚོར་སྐྱོད་སྐབས། གྲོང་ཚོའི་ཕྱི་རོལ་གྱི་གྲམ་ཐང་ལ་འགྱུར་ལྡོག་འདི་ལྟ་བུ་ཕྱིན་ཡོད་པ་སྟེ། དེ་གོང་གི་གྲམ་ཐང་དུ་སྤང་དང་ཁམ་སྡོང་བཏབ་པ་དེ་དག་སྐྱེ་འཚར་བཟང་པོ་བྱུང་ནས་ད་ཆ་གྲམ་ཐང་གི་ཉེ་འགྲམ་དུ་བྱེ་མ་ཡུག་ཙམ་མ་གཏོགས་གང་སར་སྔོ་ཐིང་ཐིང་ཆགས་འདུག
དལ་གྱིས་བཞུར་བའི་ཉང་ཆུ་དང་ཡར་ཀླུང་གཙང་པོ་འདྲེས་མཚམས་སུ་ཆགས་པའི་རྒྱ་ཁྱོན་མུའུ་ཁྲི་13ལྷག་ཙམ་ཟིན་པའི་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་དུ་སྟོན་ཉམས་རབ་ཏུ་རྒྱས་ཡོད།
ཉིང་ཁྲི་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་བྲག་ཡིབ་ཆུས་ཡན་ལག་ཅུས་ཀྱི་ཅུས་ཀྲང་སྐལ་བཟང་བཀྲ་ཤིས་ཀྱིས“ཁྱེད་ཀྱིས་གཟིགས་དང་། གྲམ་ཐང་དང་བྱེ་གླིང་ཐོག་གི་རྒྱ་ལྕང་དེ་དག་ཕྲ་སྦོམ་མི་འདྲ་བ་སྣ་ཚོགས་ཡོད། སྦོམ་པ་དེ་དག་སྔོན་མ་ནས་དེ་གར་སྐྱེས་ཡོད་པ་དང་། ཕྲ་བ་དེ་དག་ང་ཚོ་མི་སེར་ཚོས་ལྕང་མ་སྦོམ་པ་དེ་དག་ནས་ཡལ་བཞུར་བརྒྱབ་སྟེ་ཡང་བསྐྱར་འདི་གར་བཏབ་པ་ཤ་སྟག་རེད”ཅེས་གསར་འགོད་པར་བཤད།
2021ལོ་ནས་བཟུང་ཡར་ཉང་ལུང་ཤུར་དུ་རིམ་རྩིས་བྱས་ན་རྒྱལ་ཁབ་ཀྱི་ས་ཆ་མུའུ་8419སྔོ་འགྱུར་བྱས་ཤིང་། བྲག་ཡིབ་ཆུས་དང་སྨན་གླིང་གྲོང་ཁྱེར་གྱི་ཤང་དང་གྲོང་རྡལ་5ཡི་གྲོང་མི་དེའི་ནང་ཞུགས་ཡོད་པ་རེད། ཉིང་ཁྲིའི“མ་ཡུམ་ཆུ་བོ”སྟེ་ཉང་ཆུ་རྒྱུག་ཁུལ་གྱི་འདམ་ར་ནི་རང་བྱུང་ལྷུན་གྱིས་གྲུབ་པ་ཞིག་མ་ཡིན་པར་མི་རྣམས་ཀྱི་བྱས་རྗེས་ཡོད།
2022ལོར་ཉིང་ཁྲི་འདི་ཉིད་རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར་ལ་བདམས་པ་དང་། ད་ཆ་འཛམ་གླིང་རིམ་པའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་དམིགས་ས་གཏོད་བཞིན་ཡོད་པ་རེད།
སྐལ་བཟང་བཀྲ་ཤིས་ཀྱིས“ལོ་བཅུ་གྲངས་གོང་མི་རྣམས་ལ་སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་དེ་ཙམ་ཟབ་པོ་མེད་པས་ཤིང་སྡོང་ཞིག་བཅད་པར་ཧ་ལས་རྒྱུ་གང་ཡང་མེད་སྙམ་གྱི་ཡོད། ད་ཆ་ཚང་མས་ཤིང་སྡོང་བཅད་པ་དེ་རང་ཉིད་ཀྱི་ལྟོ་ཕོར་བཅག་པ་དང་ཁྱད་མེད་པ་གསལ་པོར་ཤེས་ཀྱི་ཡོད”ཅེས་བཤད།
“ད་ཆ་ཁོར་ཡུག་ལ་གཏོར་སྐྱོན་གཏོང་བའི་བྱེད་སྤྱོད་ཇེ་ཉུང་དང་སྲོག་ཆགས་ཇེ་མང་དུ་འགྲོ་བཞིན་ཡོད”ཅེས་འདམ་རའི་བདག་སྐྱོང་བ་ཙུའོ་ལུའོ་ཡིས་དེ་ལྟར་བཤད་པ་དང་། ཡང་ཁོང་གིས། ལས་འགན་སྒྲུབ་སྐབས་ངས་ཀོ་གྲུ་བཏང་སྟེ་གཙང་འགྲམ་དུ་སྐོར་ཞིབ་བྱེད་པར་འགྲོ་གི་ཡོད་ཅེས་བཤད། འདམ་རའི་སྤྱི་གླིང་གིས་ཉེ་བའི་ལོ་ཤས་རིང་བདག་སྐྱོང་བ་70སྒྲིག་འཛུགས་བྱས་ཏེ་རྒྱུན་གཏན་གྱི་སྐོར་སྲུང་དང་། རི་སྐྱེས་སྲོག་ཆགས་ལ་རོགས་སྐྱོབ། གནས་སྤོའི་སྲོག་ཆགས་ལ་ལྟ་ཞིབ་ཚད་ལེན། མེ་ཟོན་སོགས་ཀྱི་ལས་དོན་སྤེལ་གྱི་ཡོད་ཅེས་བཤད།
ན་ནིང་འདམ་རའི་སྤྱི་གླིང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི་27.76ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་ཁྲི་1875ཙམ་ཟིན་ཡོད་པ་རེད།
“ཀ་ལ་གྲོང་ཚོ་ནི་ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་ལས་སྐད་གྲགས་ཆོད་པ་ཞིག་རེད། ངས་ཁམ་སྡོང་འདེབས་དོན་ནི་གཙང་འགྲམ་དུ་ཁམ་བུའི་མེ་ཏོག་གི་ཡུལ་ལྗོངས་ཤིག་གྲུབ་ནས་ཡུལ་སྐོར་བ་དེ་བས་མང་བ་ཁམ་བུའི་མེ་ཏོག་ལ་ལྟ་བར་ཡོང་ཆེད་ཡིན”ཞེས་ཉི་མ་ཆོས་སྐྱིད་ཀྱིས་བཤད།
འདི་ལོའི་ཁམ་བུའི་མེ་ཏོག་དུས་ཆེན་རིང་ཀ་ལ་གྲོང་ཚོར་ཡུལ་སྐོར་བ་མི་ཐེངས་ཁྲི་12ཟིན་པ་དང་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་370ལྷག་ཙམ་བྱུང་ཡོད། “ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བ་ཁམ་བུའི་མེ་ཏོག་ལ་ལྟ་བར་ཡོང་བ་དེས་གྲོང་མི་ཚོའི་ལས་ཞུགས་དང་འབབ་འཕར་ལ་སྐུལ་མ་ཆེན་པོ་ཐེབས་ཡོད། སྔོན་ཆད་ཕ་མེས་ཚོས་སླེལ་པོ་རྒྱབ་ཏུ་ཁུར་ནས་གྲོང་ཁྱེར་དུ་ཁམ་བུ་འཚོང་བར་འགྲོ་བའི་ལོ་རྒྱུས་ད་ཆ་རྦད་དེ་མཇུག་འགྲིལ་ཡོད”ཅེས་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཉི་མ་རྡོ་རྗེས་བཤད།
རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི་འདུ་ཤེས་དེ་ཉང་ཆུའི་འགྲམ་དུ་རབ་ཏུ་བཞད་པའི་ཁམ་བུའི་མེ་ཏོག་ལས་གསོན་ཉམས་དོད་པོས་ར་འཕྲོད་ཡོད།