ལྷོ་རི་བྱང་རི་སྔོ་ལྗང་ལྗོན་པས་བརྒྱན། ཡུལ་སྐོར་སྤྲོ་གསེང་བྱེད་སའི་གནས་ཀྱི་མཆོག
སྟོན་དུས་སུ་སྐྱིད་ཆུའི་ལྷོ་ངོས་སུ་ཆགས་པའི་ལྷོ་རིའི་སྤྱི་གླིང་ལ་སྐྱོད་དུས། དྭངས་གཙང་མཁའ་རླུང་གིས་མི་རྣམས་ལ་བསིལ་སངས་སངས་ཀྱི་སྣང་བ་ཞིག་སྦྱིན་གྱི་ཡོད། སྟོན་ཁ་ཤར་ཡང་སྤྱི་གླིང་ནང་རྩྭ་རྩི་ཤིང་སྟུག་ལ་ཚང་མ་སྔོ་ཐིང་ཐིང་དུ་གནས།
ལྷོ་རིའི་སྤྱི་གླིང་གི་སྤྱིའི་རྒྱ་ཁྱོན་ལ་མུའུ་3457.3ཡོད་པ་དང་ནགས་བཟོ་སྔོ་འགྱུར་གྱི་རྒྱ་ཁྱོན་ལ་མུའུ་1600ལྷག་ཙམ་ཡོད། ལྷ་ས་གྲོང་ཁྱེར་གྱི་གློ་བ་དང་ཡུལ་སྐོར་བ་འགྲོ་མང་བའི་ས་ཆ་ཞིག་ཡིན་པའི་ངོས་ནས། ལྷོ་རིའི་སྤྱི་གླིང་གིས“ལྗང་མདོག་དམངས་ཕན་དང་། ལྗང་མདོག་དམངས་ཕྱུག ལྗང་མདོག་དམངས་གསོ”བཅས་འཛུགས་སྐྲུན་གྱི་དམིགས་ཚད་དུ་བྱས་ཏེ། སྤྲོ་གསེང་དང་། རོལ་རྩེད། ལྟ་སྐོར། ཡུལ་སྐོར་བཅས་གཞི་གཅིག་ཏུ་འདུས་པའི་སྐྱེ་ཁམས་སྤྱི་གླིང་དང་ནགས་ཚལ་སྤྱི་གླིང་ཞིག་ཧུར་ཐག་བཏོད་ནས་ལྷ་སའི་གྲོང་སྐོར་སྐྱེ་ཁམས་སྤྱི་གླིང་ཁུལ་འཐུས་སྒོ་ཚང་དུ་རྒྱུན་ཆད་མེད་པར་བཏང་ནས་ལོ་ལྟར་ཡུལ་སྐོར་བ་མང་པོ་ཞིག་ལྟ་སྐོར་དང་སྤྲོ་གསེང་བྱེད་པར་ཡོང་བའི་ཡིད་དབང་བཀུག་ཅིང་། གཟའ་མཇུག་ཏུ་ཉིན་རེར་ཆ་སྙོམས་འགྲུལ་པ་མི་ཐེངས་2000ཡན་ཟིན་གྱི་ཡོད་པ་དང་དུས་ཆེན་དང་ངལ་གསོའི་ཉིན་མོར་འགྲུལ་པ་མི་ཐེངས་ཁྲི་3ཟིན་གྱི་ཡོད་པ་རེད།
ལྷོ་རིའི་སྤྱི་གླིང་ནི་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ལག་བསྟར་བྱ་ཡུལ་གཙོ་བོ་ཞིག་རེད། ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དང་དེ་བཞིན་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་གྱིས་རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ལག་ལེན་བསྟར་ནས་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་སྤེལ་རྒྱུ་དེ“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”ཤུགས་རྒྱག་པའི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩི་བ་དང་། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པ། འགོ་འཛུགས་ས་མཐོ་པོ་ནས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་འཛུགས་སྐྲུན་ལ་ཇུས་འགོད་དང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ལྷོ་རི་བྱང་རི་དེ་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་བཀྲག་མདངས་འཚེར་བའི་མིང་བྱང་ཞིག་ཏུ་ཧུར་ཐག་བཏོད་པ་རེད།
2021ལོར་ལག་ལེན་བསྟར་འགོ་ཚུགས་པའི་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ནི་ལྗོངས་ཡོངས་ཀྱི་གཞི་ཁྱོན་ཅན་གྱི་རི་སྟེང་ནགས་བཟོའི་སྐྱེ་ཁམས་སླར་གསོའི་ལས་གྲྭ་གལ་ཆེན་ཐོག་མ་དེ་རེད་ལ། མི་རིགས་ཁག་གི་མང་ཚོཌ་ཀྱི་སྐྱེ་ཁམས་བདེ་རྩ་སྔར་བས་ཆེ་རུ་གཏོང་བའི་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་ཀྱང་རེད། ལས་གྲྭ་འཛུཌ་སྐྲུན་གྱི་ཁྱབ་ཁོངས་དེ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དང་། སྣེའུ་ཁུལ་གསར། སྟོད་ལུང་བདེ་ཆེན། སྟག་རྩེ། ཆུ་ཤུར། མལ་གྲོ་གུང་དཀར། ལྷུན་གྲུབ་བཅས་དང་ལྷོ་ཁ་གྲོང་ཁྱེར་གྱི་སྣ་དཀར་རྩེ་དང་གོང་དཀར་བཅས་རྫོང(ཆུས)9ཡི་ཤང་དང་གྲོང་རྡལ་35ལ་ཁྱབ་ཡོད། འཆར་གཞི་ལྟར་ན་ལོ་10ཡི་དུས་ཚོད་ནང་རྒྱལ་ཁབ་ས་ཆ་སྔོ་འགྱུར་རྒྱ་ཁྱོན་མུའུ་ཁྲི་206.72ཟིན་པ་བྱས་ནས“ལོ་ལྔའི་ནང་རི་ཀླུང་སྔོ་ལྗང་དུ་འགྱུར་བ་དང་ལོ་བཅུའི་ནང་ལྷ་ས་སྔོ་ལྗང་དུ་འགྱུར་བའི”བསམ་བཀོད་མངོན་འགྱུར་ཐུབ་པ་བྱས་ཏེ་ལྷ་ས་འདི་ཉིད་སྐྱེ་ཁམས་གནས་འཕྲོད་ཀྱི་ས་མཐོའི་ལྟེ་བའི་གྲོང་ཁྱེར་ཞིག་ཏུ་ཧུར་ཐག་གཏོད་རྒྱུ་ཡིན་པ་རེད།
ད་ཆ་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭས་ནགས་བཟོ་མུའུ་ཁྲི་51.24བྱས་པར་ལྕང་སོན་སྣ་ཚོགས་རྐང་ཁྲི་8600ལྷག་ཙམ་བཏབ་ཡོད། ས་བབ་ཆ་རྐྱེན་ཅུང་ཞན་པ་དང་། ས་དབྱིབས་བལྟོས་བཅས་ཀྱིས་རྙོག་འཛིང་ཆེ་བ། འགྲིམ་འགྲུལ་སྟབས་བདེ་མེད་པ་བཅས་ཀྱི་ས་ཁོངས་ཁག་གཅིག་ལ་དམིགས་ཏེ། ལྷ་ས་གྲོང་ཁྱེར་གྱིས་ད་དུང་མི་ཐབས་ལ་བརྟེན་ནས་འདེབས་འཛུགས་བྱས་པར་རྒྱ་ཁྱོན་མུའུ་ཁྲི་13.48ཟིན་ཡོད། ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་དེ་རྒྱལ་ཡོངས་ཀྱི་ལས་བྱེད་པའི་ཀློག་དེབ《ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་གྱི་དཔེ་མཚོན་འདེམས་བཀོད》ནང་བདམས་པ་དང་། སྐྱེ་ཁམས་ཁོར་ཡུག་པུས“སྐྱེ་ཁམས་ཁོར་ཡུག་གི་ལས་གྲྭ་གལ་ཆེན་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་བའི”དཔེ་མཚོན་དུ་བདམས་པ་རེད།
ལྷ་ས་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་རིམ་པ་གཉིས་པའི་བརྟག་ཞིབ་པ་ལི་པའོ་ཕིང་གིས“ལས་གྲྭ་འཛུགས་སྐྲུན་བྱེད་རིང་རང་སྐྱོང་ལྗོངས་ཀྱིས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་འཛུགས་སྐྲུན་བྱ་རྒྱུ་དེ་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་དང་དེ་བཞིན་ལོ་འཁོར་གྱི་ནོར་སྲིད་སྔོན་རྩིས་ནང་བཅུག་ནས་གཞུང་ཁོངས་མ་དངུལ་གྱི་ཁྲིད་སྟོན་ནུས་པ་འདོན་སྤེལ་གྱིས་ནགས་བཟོ་འགན་གཙང་དང་སྔོན་འཛུགས་རྗེས་གསབ་ཀྱི་ནགས་བཟོའི་རྣམ་པ་གསར་གཏོད་དང་བེད་སྤྱོད་བྱས་ནས་སྤྱི་ཚོགས་ཀྱི་མ་དངུལ་སྒོར་དུང་ཕྱུར་20ཡན་སྐྱེ་ཁམས་འཛུགས་སྐྱོང་ལ་ཧུར་ཐག་བཏང་བ་དང་འབྲེལ། ‘ངས་བོད་དུ་ལྕང་མ་རྐང་གཅིག་འདེབས་པའི’ཞལ་འདེབས་ལས་སྟེགས་གསར་སྤེལ་བྱས་ཏེ་རིམ་པ་དང་ཐབས་ལམ་མང་པོ་ནས་དྲིལ་བསྒྲགས་བྱས་པ་བརྒྱུད་སྤྱི་ཕན་མ་དངུལ་སྒོར་དུང་ཕྱུར་1.7ལྷག་ཙམ་གྲབས་གསོག་བྱས་ཡོད”ཅེས་བཤད།
སྐྱེ་ཁམས་བཟང་པོ་ནི་དམངས་འཚོའི་བདེ་རྩ་ཆེ་ཤོས་དེ་ཡིན་པ་དང་ནགས་བཟོ་སྔོ་འགྱུར་ནི་བརྒྱུད་རིམ་ལྡན་པའི་ལས་གྲྭ་ཞིག་རེད། ལས་གྲྭའི་ལས་འབོར་ཆེ་བ་དང་ཁྱབ་རྒྱ་ཆེ་བས་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་མཉམ་དུ་ཞུགས་དགོས། དེར་བརྟེན་ལྷ་ས་གྲོང་ཁྱེར་གྱིས《ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་དོན་ནང་ཞུགས་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་སྲིད་ཇུས་བྱ་ཐབས》བཟོས་ནས་ནཌ་བཟོའི་འགན་གཙང་རྣམ་པ་སྤྱད་དེ་ནགས་བཟོའི་ཁ་གསབ་དང་། དངུལ་བུན་གྱི་རྒྱབ་སྐྱོར། གློག་རིན་ཁ་གསབ་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱས་པ་བརྒྱུད། སྤྱི་ཚོགས་ལས་རིགས་ཁག་ལས་གྲྭ་འཛུགས་སྐྲུན་ནང་རྒྱ་ཁྱབ་ངང་ཞུགས་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱས་ཡོད། མིག་སྔའི་བར་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལ་ཞུགས་མཁན་ཁེ་ལས་དང་། ཚན་པ། སྤྱི་ཚོཌ་ཀྱི་བྱེད་པོ་གཞན་དག་བཅས་ཁྱོན་112ཟིན་ཡོད་པ་རེད།
ད་ཆ་ལྷ་སའི་ལྷོ་རི་བྱང་རིའི་སྔོ་ལྗང་གི་རྣམ་པ་ལོ་རེ་ལས་ལོ་རེ་མ་འདས་པར་ལེགས་སུ་འགྲོ་བཞིན་ཡོད་པས། མགོ་བོ་བཏེགས་ན་སྔོ་ལྗང་མཐོང་རྒྱུ་ཡོད་པ་དང་ཁྱིམ་གྱི་སྒོ་རྩ་ནས་སྤྲོ་གསེང་ཐུབ་པའི་འདུན་པ་མངོན་འགྱུར་བྱུང་ཡོད། གནའ་གྲོང་ལྷ་སར“དཔྱིད་ཀར་མེ་ཏོག་བཞད་པ་དང་། དབྱར་ཁར་གྲིབ་བསིལ་ཡོད་པ། སྟོན་ཁར་བཀྲག་མདངས་འཚེར་བ། དགུན་ཁར་སྔོ་ལྗང་ཡོད་པ”བཅས་ཡོད་པས་རི་ཀླུང་མཛེས་སྡུག་ལྡན་པའི་འཚོ་བའི་རྣམ་པ་ཞིག་རིམ་བཞིན་མངོན་བཞིན་ཡོད་པ་རེད།