དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • སྔོ་ལྗང་རི་ཀླུང་མཛེས། འཕེལ་རྒྱས་རྣམ་པ་བཟང་།

    རང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-08-25

    ཟླ་བརྒྱད་པའི་གངས་ལྗོངས་ས་མཐོའི་ཕྱོགས་བཞིར་བལྟས་ཚེ། ནམ་མཁའ་གཡའ་དག་ལ་ཆུ་མོ་དྭངས་ཤིང་གཙང་བ་དང་། སྔོ་ལྗང་སྟུག་པོའི་ཁྲོད་ཀྱི་ཡུལ་ལྗོངས་ལྷག་པར་མཛེས། ལྷོ་རི་བྱང་རིའི་སྔོ་ལྗང་མཛེས་ལྗོངས་ལས་གནའ་གྲོང་ལྷ་ས་འདི་ཉིད་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་རི་མོ་ཞིག་ལྟར་སྣང་།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག”ཅེས་ནན་བཤད་གནང་ཡོད། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་རྩ་བའི་ཇུས་ཆེན་ཞིག་རེད། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་ཡིན་པའི་རང་ལྗོངས་ཀྱིས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག”པའི་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོར་བཙུགས་ནས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྲུང་སྐྱོང་ཨང་དང་པོར་འཇོག་པ་མཐའ་འཁྱོངས་བྱས་ཏེ། ལྗང་མདོག་དང་ཐཱན་ཉུང་འཕེལ་རྒྱས་གཏོང་རྒྱུ་དེ་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱེད་པའི་རྩ་བཅོས་ཐབས་ཇུས་སུ་བརྩིས་ནས་བོད་ལྗོངས་འདི་ཉིད་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཞིག་ཏུ་གཏོད་གང་ཐུབ་བྱས་ཡོད།

    བཅའ་ཁྲིམས་ཀྱི“དམར་ཐིག”ནན་པོར་གཞིགས་ནས་སྐྱེ་ཁམས་ཀྱི“ལྗང་ཐིག”ཡག་པོ་སྲུང་བ།

    ཉེ་བའི་ལོ་ཤས་རིང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་ལྕི་པོ་ཏན་ཏིག་ཁུར་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་ཁྲིམས་འཛུགས་ལས་དོན་གྱི་གཙོ་གནད་ཁྱབ་ཁོངས་སུ་བརྩིས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལམ་ལུགས་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་རབ་དང་རིམ་པ་ཁྱབ་བསྒྲགས་བྱས་ཡོད།

    2021ལོའི་ཟླ་10པར། ཏང་ཀྲུང་དབྱང་གིས《མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ཇུས་གཞི》བཀྲམ་ནས་མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལམ་ལུགས་མ་ལག་འཛུགས་དགོས་པ་བཏོན་ཡོད། 2023ལོའི་ཟླ་4པར། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས》ལ་གྲོས་འཆམ་བྱུང་ཡོད།

    རང་ལྗོངས་ཀྱིས་སྔ་རྗེས་སུ《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་སྲོལ་ཡིག》དང《མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》བཏོན་པ་དང་། 《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”དུས་སྐབས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་འཆར་འགོད》སོགས་སྒྲིག་བཟོ་དང་ལག་བསྟར་བྱས་ཏེ་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་གི་འབྲེལ་ཡོད་གཏན་འབེབས་སྔར་བས་ཞིབ་ཚགས་སུ་བཏང་ནས་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཁྲིམས་སྐྱོང་གི་འགན་ལེན་བརྟན་པོ་བྱས་ཡོད།

    བཅའ་ཁྲིམས་ཀྱི“དམར་ཐིག”གི་སྲུང་སྐྱོང་ནུས་ལྡན་འོག 《བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་གནས་ཚུལ་འགྱུར་ལྡོག་དཔྱད་དཔོག(2000ལོ་ནས་2020ལོ་བར)》ནང་མངོན་པར་གཞིགས་ན། ལོ་20ཡི་རིང་བོད་ཀྱི་སྐྱེ་ཁམས་སྲུང་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་མིག་སྔར་བོད་ནི་སྔར་བཞིན་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་པ་རེད།

    སྲོག་ཆགས་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན་པ།

    “ང་ཚོས་རི་སྟེང་དུ་དམར་ཕྱིའི་བརྙན་ལེན་པར་ཆས་21བསྒར་ནས་རི་སྐྱེས་སྲོག་ཆགས་ལ་ལྟ་ཞིབ་བྱེད་ཀྱི་ཡོད། རི་ཁྲོད་དུ་སྐོར་ཞིབ་བྱེད་སྐབས་སྲོག་ཆགས་ཀྱི་བྲུན་ནམ་ཡང་ན་དེའི་འགྲོ་ཤུལ་མཐོང་ཚེ་ཀུན་གྱིས་ནོར་བུ་རྙེད་པ་ལྟར་དགའ་པོ་བྱེད་ཀྱི་ཡོད། གང་ལགས་ཤེ་ན། དེས་རི་སྐྱེས་སྲོག་ཆགས་ཀྱི་DNAམ་དཔེ་འཚོལ་བསྡུ་ཐུབ་པས་ས་ཁོངས་དེའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ལ་ཕན་ཐོགས་ཡོད”ཅེས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གནས་ནང་དགོན་སྡེ་དོ་དམ་ཨུ་ལྷན་གྱི་འགན་འཁུར་བ་རྒྱ་མཚོས་བཤད།

    འདི་ལོའི་ལོ་སྟོད་དུ“ལྷ་ས་སྟོད་ལུང་བདེ་ཆེན་ཆུས་གནས་ནང་ལུང་ཤུར་རང་བྱུང་སྲུང་སྐྱོང་ཁུལ་ཆུང”བཙུགས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཁུལ་ཆུང་དེ་ནི་རང་ལྗོངས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་ཆུང་དང་པོ་ཡིན་པ་དང་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་16.64ཡོད་པའི་ནང་རྩྭ་ཐང་རྒྱ་ཁྱོན་སྤྱི་ཆིང་1375.37དང་ནགས་སའི་རྒྱ་ཁྱོན་སྤྱི་ཆིང་288.32ཚུད་ཡོད། རང་བྱུང་སྲུང་སྐྱོང་ཁུལ་ཆུང་བཙུགས་པ་དེས་ས་ཁོངས་ནང་གི་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ནུས་ལྡན་ཐུབ་པ་མ་ཟད། ད་དུང་ས་གནས་དེ་ག་དང་སྤྱི་ཚོགས་ཀྱི་སྤྱི་དམངས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཞུགས་པའི་ཧུར་སེམས་དང་ཕན་ནུས་རང་བཞིན་ཡང་ཆེ་རུ་ཕྱིན་ཡོད་པ་རེད།

    “ལྷ་ས་སྟོད་ལུང་བདེ་ཆེན་ཆུས་གནས་ནང་ལུང་ཤུར་རང་བྱུང་སྲུང་སྐྱོང་ཁུལ་ཆུང”བཙུགས་པ་དང་ཇོ་མོ་གླང་མའི་ཉེ་འགྲམ་དུ་རི་སྐྱེས་སྲོག་ཆགས་མང་པོ་ཐོན་པ་དེ་རང་ལྗོངས་ཀྱི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་སྐྲུན་གྱི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་ཏུ་གྱུར་ཡོད།

    མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་ལྟ་བ་མི་སེམས་སུ་གཏིང་ཟབ་ཟུག་པ་དང་ཆབས་ཅིག གངས་ལྗོངས་ས་མཐོའི་ཕྱོགས་ མཚམས་ཀུན་ཏུ་སྲིད་གཞུང་དང་། སྤྱི་ཚོགས་རྩ་འཛུགས། ཞིང་འབྲོག་པ་བཅས་ཀྱིས་མཉམ་དུ་བསྐྲུན་པའི་སྐྱེ་ཁམས་སྲུང་སྐྱོང་དྲ་བ་ཆགས་ནས་དེ་གར་འཚོ་བ་སྐྱེལ་མཁན་མི་དམངས་ཁྲི་སྟོང་མང་པོ་སྲུང་སྐྱོང་བྱེད་བཞིན་ཡོད། ད་ཆ་བོད་དུ་གཙོད་ཀྱི་ཁྱུ་ཚོ་ཁྲི་30ལས་བརྒལ་བ་དང་། ཁྲུང་ཁྲུང་སྐེ་ནག་ཁྲི་1ལྷག་ཙམ་མང་དུ་ཕྱིན་པ། དེ་སྔ་སྟོངས་ལ་ཉེ་བའི་བོད་ཀྱི་ཤྭ་བ་སེར་ཆེན་ད་ཆ་མགོ་གྲངས་800ལྷག་ཙམ་ཟིན་ཡོད་པ་རེད།

    ལྗང་མདོག་ཐོན་ལས་འཕེལ་རྒྱས་ཀྱི་མཛེས་སྡུག་ལྡན་པའི་འཆར་གཞི་བཀོད།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་ས་གནས་ཁག་གིས་ལྗང་མདོག་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ཏེ“ལྗང་མདོག”ཕྱོགས་སུ་བསྐྱོད་པ་དང“སྔོ་ལྗང་རི་ཀླུང”“གསེར་དངུལ་རི་ལས་ལྷག་པའི”ཕྱོགས་གཉིས་གཞན་སྒྱུར་ལ་སྐུལ་འདེད་བཏང་ནས་སྐྱེ་ཁམས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་རྒྱུན་ཆད་མེད་པར་བསྒྱུར་ཏེ། “སྔོ་ལྗང་རི་ཀླུང”དེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི“གསེར་དངུལ་རིར”དངོས་འབྲེལ་འགྱུར་བར་བྱས་ཡོད།

    —— ལྗང་མདོག་ཞིང་ལས་ཀྱི་ཕན་འབྲས་མཐོ་རུ་ཕྱིན་ཞིང་། ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་གིས་ཁམ་བུ་སྨི་ཧོའུ་ཡི་ལྟེ་བའི་ཐོན་སྐྱེད་རྟེན་གཞི་ཚད་གཞི་མཐོ་པོས་བསྐྲུན་ནས་ཆུ་ལུད་གཞི་གཅིག་ཅན་དུ་འགྱུར་བར་བྱས་པས་ལྗང་མདོག་བཟའ་བཅའི་ཐོན་སྐྱེད་རྟེན་གཞིའི་བླང་བྱ་དང་མཐུན་ཡོད། 2024ལོའི་ལོ་སྟོད་དུ་སྔོན་དཔག་ལྟར་ན་ཐོན་ཚད་རྒྱ་མ་ཁྲི་270ཟིན་པ་དང་ཐོན་རྫས་རིན་ཐང་སྒོར་ཁྲི་4000ལས་བརྒལ་ནས་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་1000ཡན་ཡོང་བར་སྐུལ་ཁྲིད་བྱས་ཡོད། ད་ཆ་ཁམ་བུ་སྨི་ཧོའུ་འདི་ཉིད་རྫ་ཡུལ་མི་སེར་གྱི་འབབ་འཕར་གཏོད་པའི་བྱ་གཞག་ཅིག་ཏུ་གྱུར་ནས་རྫ་ཡུལ་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་ཞིང་པའི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱེད་པའི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

    —— ལྗང་མདོག་འབྲོག་ལས་ཀྱི་སྒོ་བྱང་བཀྲག་མདངས་འཚེར་ཞིང་། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་སུ་གནས་པའི་བོད་ལྗོངས་དགའ་བདེ་སྐྱེ་ཁམས་འབྲོག་ལས་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས་ལོ་ཤས་རིང་འཚོལ་ཞིབ་བྱས་པ་བརྒྱུད“ལྗང་མདོག་དང་། སྐྱེ་ལྡན། རྒྱུན་མཐུད་ཆོག་པ”བཅས་ཀྱི་གཉེར་སྐྱོང་འཕེལ་རྒྱས་ཀྱི་འདུ་ཤེས་ཆགས་པ་དང་། ཐུན་མོང་མ་ཡིན་པའི“སྤྲིན་གསེབ་ཀྱི་འབྲོག་ས། བཅུད་ལྡན་གྱི་འོ་མ”མིང་བྱང་དུ་བྱས་ཏེ“དགའ་བདེའི”ས་མཐོའི་ཁྱད་ལྡན་འབྲིའི་འོ་མའི་སྤུས་རྟགས་རང་བརྟེན་གསར་གཏོད་བྱས་ནས་བཏོད་པ་དང་། ཚོང་རྟགས་རིགས་44དང་དྲ་སྦྲེལ་ཁོངས་མིང་རིགས་22ཐོ་འགོད་ལེགས་གྲུབ་བྱུང་བ། “ནག་ཆུའི་འབྲི་གཡག”གི་ས་ཁམས་མཚོན་རྟགས་ཐོ་འགོད་ལེགས་གྲུབ་བྱུང་བ། སྐྱེ་ལྡན་འབྲོག་རྩྭ་དང་། སྐྱེ་ལྡན་འབྲི་གཡག སྐྱེ་ལྡན་འབྲིའི་འོ་མ་སོགས་སྐྱེ་ལྡན་བ་ལག་ཁྱེར་རག་ཡོད་པ་རེད།

    —— ལྗང་མདོག་ཡུལ་སྐོར་ལས་རིགས་ཐཱན་ཉུང་བ་དང་ཁོར་ཡུག་སྲུང་སྐྱོང་ཡང་ཐུབ་ཅིང་། 2019ལོ་ནས་བཟུང་ཇོ་མོ་གླང་མའི་ཁོར་ཡུག་སྲུང་སྐྱོང་བྱ་ཆེད། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་བྱང་འདབས་སྒར་ས་ཆེན་པོའི་སྐྱེ་ཁམས་ཡུལ་སྐོར་རླངས་འཁོར་སྐྱེལ་འདྲེན་ཚད་ཡོད་ཀུང་སིས་ནུས་རྒྱུ་གཙང་མའི་ཁོར་ཡུག་སྲུང་སྐྱོང་གི་འགྲུལ་སྐྱེལ་རླངས་འཁོར་གཉེར་སྐྱོང་བྱེད་འགོ་བཙུགས་ནས་ཇོ་མོ་གླང་མའི་ཐཱན་ཉུང་ཡུལ་སྐོར་དང་ལྗང་མདོག་ཡུལ་སྐོར་མངོན་འགྱུར་བྱུང་ནས་ཇོ་མོ་གླང་མ་ཁོ་ནར་ཡོད་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད་པ་རེད།

    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུར་དམིགས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་མགྱོགས་སུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སྐྱེ་ཁམས་སྔོན་ལ་སྤེལ་བ་དང་། གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་བཅས་ལ་སྐུལ་འདེད་བཏང་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་དགོས་ལུགས་ཁ་གསལ་བཏོན་ཡོད།

    གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་བུ་ཕྲུག་ཚོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དེ“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”གནས་བབ་གལ་ཆེན་དུ་བཞག་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཧུར་ཐག་བྱེད་པའི་ལམ་བུའི་ཐོག་གོམ་སྟབས་སྔར་བས་བརྟན་པོ་སྤོ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།