དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • དཔལ་འབར་རྫོང་ལ་འཛམ་གླིང་ཟིན་ཐོའི་ཁས་ལེན་ཁག་གཉིས་ཐོབ་པ།

  • ཡོང་ཁུངས།  ཤིན་ཧྭ་དྲ་བ།    |     སྤེལ་དུས།  2024-08-08

    ཤིན་ཧྭ་དྲ་བ་ལྷ་ས་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཉེ་ཆར། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་ལ་འཛམ་གླིང་ཟིན་ཐོ་ཁས་ལེན་སྒྲིག་གཞིའི(WRCA)ཁས་ལེན་ཁག་གཉིས་ཐོབ་པ་སྟེ། “འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་རང་བྱུང་ཁ་དོག་གསུམ་ལྡན་མཚོའི་མཛེས་ལྗོངས”དང“འཛམ་གླིང་ཐོག་གི་རིམ་པ་གཉིས་ལྡན་འཁྱགས་ཕུག་ཆེ་ཤོས”དེ་རེད།

    མདོག་གསུམ་ལྡན་མཚོ་དེ་ཉིད་ས་གནས་དེ་གའི་མཚོན་རྟགས་རང་བཞིན་གྱི་རང་བྱུང་མཛེས་ལྗོངས་ཤིག་ཡིན་པ་དེའི་ཐུན་མོང་མ་ཡིན་པའི་ཆུ་མདོག་གསུམ་ལ་བརྟེན་ནས་གང་སར་སྐད་གྲགས་ཆོད་ཡོད། རིམ་གཉིས་འཁྱགས་དོང་ཉེ་ཆར་ཤེས་རྟོགས་བྱུང་བ་དེས་དཔལ་འབར་གྱི་ཡུལ་སྐོར་ཐོན་ཁུངས་ལ་མཛེས་ལྗོངས་གསར་པ་ཞིག་བསྣན་ཡོད་པ་རེད།

    རྒྱལ་ནང་དང་རྒྱལ་སྤྱིའི་ཐོག་དཔལ་འབར་རྫོང་སྐད་གྲགས་ཆོད་ཚད་སྔར་བས་མཐོ་རུ་བཏང་ནས་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། དཔལ་འབར་རྫོང་མི་དམངས་སྲིད་གཞུང་གིས་འཛམ་གླིང་ཟིན་ཐོ་ཁས་ལེན་སྒྲིག་གཞིར་འཛམ་གླིང་ཟིན་ཐོའི་ཁས་ལེན་ཁག་གཉིས་རེ་བ་ཞུས་པ་རེད།

    མདོག་གསུམ་མཚོ་ནི་མཚོ་དཀར་དང་། མཚོ་ནག མཚོ་སེར་བཅས་ལས་གྲུབ་པ་དང་། ཚང་མ་རི་གཤམ་གཤོང་སའི་རྒྱུད་དུ་ལོ་མང་རིང་གངས་འཁྱགས་བཞུར་ནས་ཆགས་པ་ཞིག་རེད། མཚོ་གསུམ་གྱི་རྒྱ་ཁྱོན་ལ་བསྡོམས་སྨི་ངོས་གྲུ་ཁྲི་15ཙམ་དང་། ཆུ་གསོག་ཚད་སྨི་ངོས་གྲུ་ཁྲི་280ཟིན་པ་དང་། ས་བབ་མཐོ་ཚད་སྨི་4100ལྷག་ཙམ་ཟིན་གྱི་ཡོད། རིམ་གཉིས་འཁྱགས་ཕུག་རང་བཞིན་དུ་ཆགས་ཤིང་། རིང་ཚད་བསྡོམས་སྨི་300ཙམ་ཡོད་པ་དང་། འཁྱགས་ཕུག་ནང་ཁུལ་དུ་དུང་འཁྱིལ་གྲུབ་ཚུལ་མངོན་ཡོད་པ་རེད།

    “ཉེ་བའི་ལོ་ཤས་རིང་། དཔལ་འབར་རྫོང་གིས་སྐྱེ་ཁམས་ཀྱི་ལེགས་ཆ་བཏོན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱས་པ་དང་དུས་མཚུངས། སྐྱེ་ཁམས་ལྗང་མདོག་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཧུར་ཐག་བཏང་སྟེ་ཡུལ་མི་ཐག་ཉེ་སར་ལས་ཞུགས་ཐུབ་པ་དང་འབྲེལ་ཡོང་འབབ་འཕར་བར་བྱས་ཡོད”ཅེས་དཔལ་འབར་རྫོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ཝང་ཝུན་ཤིང་གིས་བརྗོད་པ་དང་། ཁོང་གིས“འཛམ་གླིང་ཟིན་ཐོའི་ཁས་ལེན་ཁག་གཉིས་ལེགས་གྲུབ་བྱུང་བ་དེས་དཔལ་འབར་རྫོང་ལ་དོ་ཁུར་དེ་བས་མང་བ་འཐོབ་རྒྱུ་མ་ཟད། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་དེ་བས་མང་བ་ལྟ་སྐོར་ཡུལ་སྐོར་དུ་ཡོང་བའི་ཡིད་དབང་འཕྲོག་ནས་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྔར་བས་སྐུལ་མ་ཐེབས་རྒྱུ་རེད”ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།