བོད་ལྗོངས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་དཔལ་འབྱོར་ནགས་ཚལ་གྱི་སྡོང་ཕྲུག་གསོ་སྤེལ་བྱེད་ཤུགས་ཆེ་རུ་བཏང་བ།
ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ནི་བོད་རང་སྐྱོང་ལྗོངས་ཀྱིས་2021ལོ་ནས་ལག་བསྟར་བྱེད་འགོ་བཙུགས་པ་དང་། བོད་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་ནགས་བཟོའི་ལས་གྲྭ་ཞིག་ཡིན་ཞིང་། དེར་ལོ་10ཡི་རིང་ནགས་བཟོ་མུའུ་ཁྲི་206.72ལེགས་གྲུབ་བྱས་ནས“ལོ་ལྔའི་ནང་རི་ཀླུང་སྔོ་ལྗང་གིས་བརྒྱན་པ་དང་ལོ་བཅུའི་ནང་ལྷ་ས་སྔོ་ལྗང་གིས་བརྒྱན་པའི”བསམ་བཀོད་མངོན་འགྱུར་བྱ་རྩིས་ཡོད་པ་རེད།
ཞུགས་ཐེངས་དང་པོ་ཡིན་པའི་ཚན་ཞིབ་དཔུང་ཁག་དང་དཔལ་འབྱོར་ནགས་ཚལ་གྱི་ལག་རྩལ་བློ་འདྲི་བ་ཞིག་གི་ངོས་ནས། བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་སྔོ་ཚལ་ཞིབ་འཇུག་སུའོ་ཡི་དཔལ་འབྱོར་ནགས་ཚལ་ཞིབ་འཇུག་དཔུང་ཁག་གིས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་དཔལ་འབྱོར་ནགས་ཚལ་གྱི་སྡོང་ཕྲུག་འདེབས་གསོའི་རྣམ་གྲངས་ཞིབ་འཇུག་དང་སྡོང་ཕྲུག་གསོ་སྤེལ་བྱེད་འགན་གཙོ་བོ་འཁུར་ནས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལ་ཚན་རྩལ་གྱི་འདེགས་སྐྱོར་བརྟན་པོ་བྱ་རྒྱུ་རེད།
དབྱར་ཟླ་འབྲིང་པོར་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་དུ་ཡོད་པའི་རྣམ་གྲངས་དེའི་སྡོང་ཕྲུག་རྟེན་གཞིར་སྐྱོད་སྐབས། དྲོད་ཁང་ཆེ་མོ་དང་ཐོག་མེད་ཁུལ་དུ་ཁམ་སྡོང་ཆེ་ཆུང་མི་འདྲ་བ་སྔོ་ཐིང་ངེར་སྐྱེས་པ་དང་། ཁྱེད་རང་ཟླ་བ་ལྔ་པར་དེ་གར་ཡོང་སྐབས་དང་བསྡུར་ན་ཆར་དུས་སླེབས་རྗེས་ཁམ་སྡོང་དག་དེ་བས་ཆེ་རུ་ཕྱིན་མི་འདུག་གམ་ཞེས་དཔལ་འབྱོར་ནགས་ཚལ་སྡོང་ཕྲུག་གསོ་སྤེལ་རྣམ་གྲངས་ཀྱི་འགན་འཁུར་བ་ཙེང་ཤིའུ་ལིས་གསར་འགོད་པར་དེ་ལྟར་དྲིས།
ས་བབ་མཐོ་བས་ལྷ་སར་ལྗོན་ཤིང་འཛུགས་དཀའ་བ་དང་། མ་གནས་མཐོ་བ། གསོན་ཚད་དམའ་བ་བཅས་ཡོད། མ་གནས་དམའ་རུ་དང་གསོན་ཚད་མཐོ་རུ་གཏོང་ཆེད་དཔལ་འབྱོར་ནགས་ཚལ་ཞིབ་འཇུག་དཔུང་ཁག་གིས་ཚན་ཞིབ་འགག་སྒྲོལ་ལས་དོན་འབོར་ཆེན་བསྒྲུབས་ཡོད། “ང་ཚོས་ས་བབ་མཐོ་བའི་ཤིང་རིགས་ཐོན་ཁུངས་ཧྲག་འདེམས་དང་ས་རྒྱུ་ལེགས་གཏོང་སོགས་ཀྱི་བྱེད་སྟངས་སྤྱད་དེ་སྤུས་ལེགས་སྡོང་ཕྲུག་གསོ་སྤེལ་ཧུར་ཐག་བྱེད་ཀྱི་ཡོད། དེའི་རིང་ང་ཚོས་ཁམ་སྡོང་གི་དུས་ཚིགས་མི་འདྲ་བའི་འདེབས་གསོའི་གནས་ཚུལ་ལ་ཚོད་ལྟ་བྱས་ཏེ་སྐྱེ་མཚམས་དམན་པའི་དུས་སྐབས་སུ་སྤོ་འཛུགས་བྱས་པའི་ལོ་6ནས་14རིང་སྐྱེ་བའི་ཁམ་སྡོང་ཆེན་པོ་920དེ་དག་མིག་སྔར་གསོན་ཚད་85%ནས་90%བར་ཟིན་ཡོད”ཅེས་ཙེང་ཤིའུ་ལིས་ངོ་སྤྲོད་བྱས།
ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་དེས་ཐོག་མེད་འདེབས་འཛུགས་ཀྱི་ཁམ་སྡོང་སྡོང་ཕྲུག་ཁྲི་10ལྷག་ཙམ་སྤོ་འཛུགས་དང་ཕུར་འཛུགས་སྡོང་ཕྲུག་ཁྲི་22བྱས་པ་དེ་དག་ཀྱང་གཅིག་རྗེས་གཉིས་མཐུད་དུ་མྱུ་གུ་འབུས་བཞིན་ཡོད་པ་རེད།
རྟེན་གཞི་ནས་གསར་འགོད་པས་ད་དུང་ཆི་བི་ཁ་སྐྱུར་མོ་དང་། སྐྱུ་རུ་ར། ཁམ་མངར་སོགས་ཀྱི་སྡོང་ཕྲུག་མཐོང་བྱུང་། ཙེང་ཤིའུ་ལིས“ང་ཚོས་ནང་འདྲེན་བྱས་པའི་སྐྱུ་རུ་ར་རིགས་10ལ་མྱུ་གུ་འབུད་ཚད་90%ལྷག་ཙམ་ཟིན་པ་དང་ཐོག་མེད་འདེབས་འཛུགས་བྱས་པའི་ཆི་བི་ཁ་སྐྱུར་མོའང་སྡོང་རྐང་ཁྲི་3.9ཟིན་ནས། དེ་དག་གིས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་དཔལ་འབྱོར་ནགས་ཚལ་སྡོང་ཕྲུག་གི་སྣ་ཁ་མང་དུ་འགྲོ་རྒྱུ་རེད”ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། དཔལ་འབྱོར་ནགས་ཚལ་ཞིབ་འཇུག་དཔུང་ཁག་གིས་འགན་ལེན་རང་བཞིན་གྱི་སྡོང་ཕྲུག་ར་བའི་གསོ་སྤེལ་དང་དཔེ་སྟོན་ནུས་པ་གང་ལེགས་བཏོན་ནས། བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གིས་བགོས་པའི་ཆུ་གཉིས་བར་རྟེན་གཞིའི་ས་ཞིང་མུའུ་438སྤྱད་དེ་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་དཔལ་འབྱོར་ནགས་ཚལ་གྱི་སྡོང་ཕྲུག་གསོ་སྤེལ་དང་འདུལ་གསོའི་རྟེན་གཞི་ཆེད་མངགས་བཙུགས་ཏེ། ཁམ་མངར་སོགས་སྤུས་ལེགས་ཤིང་རིགས་ཀྱི་ཐོན་ཁུངས་འཚོལ་བསྡུ་དང་འདེབས་གསོ་སོགས་ཀྱི་ཚན་རིག་ལས་དོན་སྤེལ་ཤུགས་མུ་མཐུད་ཆེ་རུ་བཏང་བས་སྡོང་ཕྲུག་གསོན་ཚད་མཐོ་རུ་ཤུགས་ཆེན་ཕྱིན་པ་རེད།
ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བཀོལ་སྤྱོད་བྱེད་པ་དེ་ནི་ཚན་རྩལ་དེ་ཉིད་ཐོན་སྐྱེད་ནུས་ཤུགས་སུ་དངོས་སུ་འགྱུར་བའི་འགག་རྩའི་ལྷུ་ཚིགས་ཤིག་རེད། ཞིབ་འཇུག་དང་ཐོན་སྐྱེད་འབྲེལ་མཐུད་བྱས་ཚེ་གཞི་ནས་ཚན་རྩལ་གྲུབ་འབྲས་དེ“གཞན་སྒྱུར་མྱུར་བ”དང“གཞན་སྒྱུར་ལམ་ལྷོངས”མགྱོགས་མྱུར་ཡོང་སྲིད། 2023ལོར་དཔལ་འབྱོར་ནགས་ཚལ་ཞིབ་འཇུག་དཔུང་ཁག་གིས་ཁམ་སྡོང་ཁྲི་3.8དགུན་དུས་འདེབས་གསོའི་ཚོད་ལྟའི་ལས་དོན་དང་ལྟ་ཞིབ་ཚད་ལེན་ལེགས་གྲུབ་བྱས་ཏེ་ཡུག་ཁུལ་48ཀྱི་ཁམ་བུ་སྐྱེ་འཚར་གྱི་ལྟ་ཞིབ་ཚད་ལེན་ལས་དོན་སྤེལ་བར་མཐོང་ཐོས་མྱོང་གྲུབ་ཀྱི་ཚོད་ལྟའི་གྲངས་གཞི་ཐོབ་ཡོད། ཁམ་མངར་སོགས་དཔལ་འབྱོར་ནགས་ཚལ་གྱི་ས་བོན་རྒྱ་མ་ཁྲི་8ལྷག་ཙམ་ཉོ་སྒྲུབ་བྱས་ཏེ་2024ལོའི་སྡོང་ཕྲུག་གསོ་སྤེལ་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ་རེད།
“ང་ཚོས་ད་དུང་ས་མཐོའི་ཤིང་པད་མ་རི་སྟེང་དུ་བཏབ་ནས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་མཐུན་འཕྲོད་རང་བཞིན་ཡག་པ་དང་ལྟད་མོའི་རང་བཞིན་ཆེ་བའི་ཡུལ་དེའི་སྤུས་ལེགས་མེ་ཏོག་དང་རྩི་ཤིང་གི་རིགས་གསར་པ་མཁོ་འདོན་བྱ་རྩིས་ཡོད”ཅེས་ཙེང་ཤིའུ་ལིས་ངོ་སྤྲོད་བྱས་པ་དང་། དཔུང་ཁག་དེས་ལོ་17རིང་རྒྱུན་མཐུད་གསོ་སྤེལ་གྱི་ལག་རྩལ་འགག་སྒྲོལ་བྱས་པ་བརྒྱུད། ཤིང་པད་མའི་རྒྱུད་འདྲེས་རིགས་འབོར་ཆེན་ཞིག་ཐོན་པ་དེ་ད་ལོའི་སྟོན་དུས་སུ་མྱུ་གུ་རྐང་2500ནས་3000བར་གསོ་སྤེལ་བྱས་ཏེ་2025ལོའི་དཔྱིད་དུས་སུ་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་གནས་གཏན་འཁེལ་གྱི་ས་ཁོངས་སུ་འདེབས་རྩིས་ཡོད་པ་རེད།
(བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང)