བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་གི་བདག་སྐྱོང་པ་བཀྲ་ཤིས་ནོར་བུས་བརྗོད་དོན།
“ང་ཚོ་ཚང་མ་ནོར་བུ་གཡུ་རྒྱལ་ཡིན”
འདི་ནི་བཀྲ་ཤིས་ནོར་བུ(གཡོན)དང་ལས་རོགས་ཀྱིས་སྦག་སྦག་བཞོན་ནས་སྐོར་གཡེང་བྱེད་བཞིན་པ།
འདི་ནི་བཀྲ་ཤིས་ནོར་བུ(གཡས)དང་ལས་རོགས་ཀྱིས་སྐོར་གཡེང་བྱེད་རིང་ངལ་གསོ་བཞིན་པ། གོང་གསལ་གྱི་པར་དེ་དག་འདི་ག་ཚགས་པར་གྱི་གསར་འགོད་པ་ཞུས་ཡུས་ཡའོ་ཡིས་བརྒྱབ།
མུ་མཐའ་མེད་པའི་རྩྭ་ཐང་ཐོག་སྤྱི་ལེ་བརྒྱ་ཕྲག་ཁ་ཤས་ནང་མི་གཅིག་ཀྱང་མཐོང་རྒྱུ་མེད། དེ་ནི་ནོར་བུ་གཡུ་རྒྱལ་བདག་སྐྱོང་ས་ཚིགས་ཀྱི་བདག་སྐྱོང་པ་བཀྲ་ཤིས་ནོར་བུའི་ལས་ཀ་བྱེད་ས་སྟེ། བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་གི་བྱང་རྩྭ་ཐང་གི་མི་མེད་ཁུལ་རེད།
དེ་གར་བརྡ་རྟགས་མེད་པ་དང་གློག་མེད་པས་བཀྲ་ཤིས་ནོར་བུའི་རྣ་ལམ་དུ་ཐོས་པ་ནི་ས་མཐོའི་གྲང་ངར་ཆེ་བའི་རླུང་བུའི་འུར་སྒྲ་ཁོ་ན་རེད། བཀྲ་ཤིས་ནོར་བུས་ལ་རྩེ་ཞིག་ཏུ་འཛེགས་ནས་རྒྱང་རིང་གི་ལ་རྩེ་གཞན་ཞིག་ལ་མཛུབ་མོ་བཙུགས་ཏེ“ལ་དེ་བརྒྱབ་ཚེ་ང་ཚོའི་མི་མེད་ཁུལ་གྱི་ཐག་ཉེ་ཤོས་ཀྱི་བདག་སྐྱོང་ས་ཚིགས་སུ་སླེབས་ཐུབ”ཅེས་བཤད།
ལ་རེ་རྒྱག་པར་སྦག་སྦག་བཞོན་ནས་ཆུ་ཚོད་གཅིག་ལྷག་ཙམ་འགོར་གྱི་ཡོད། ཐག་ཉེ་ཤོས་ཀྱི་བདག་སྐྱོང་ས་ཚིགས་ཡིན་ནའང་ལ་དེ་འདྲ་གཉིས་གསུམ་རྒྱག་དགོས་ཀྱི་ཡོད། མི་མེད་ཁུལ་དུ་ལམ་མེད་པ་དང་ལམ་ངན་ངོན་རེ་ཡོད་པ་དེ་དག་ཀྱང་ཚང་མ་དེ་སྔོན་བདག་སྐྱོང་པ་ཚོས་ཕར་འགྲོ་ཚུར་འོང་བྱས་པའི་འཁོར་ཤུལ་ཤ་སྟག་རེད། བཀྲ་ཤིས་ནོར་བུ་དང་རོགས་པ་རྣམས་སྔ་ས་ནས་འབར་འབུར་གྱི་ལམ་ དེ་དག་སྟེང་འགྲུལ་བཞུད་བྱ་རྒྱུར་གོམས་ཡོད།
བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་རང་རྒྱལ་གྱི་རྒྱ་ཁྱོན་ཆེ་ཤོས་ཀྱི་སྐམ་སའི་སྐྱེ་ཁམས་མ་ལག་གི་རང་བྱུང་སྲུང་སྐྱོང་ཁུལ་ཞིག་ཡིན་ལ། རང་རྒྱལ་གྱི་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་ས་མཐོའི་རི་སྐྱེས་སྲོག་ཆགས་ཆེ་གྲས་འདུས་སྡོད་ཁུལ་ཞིག་ཀྱང་ཡིན་པས། རི་སྐྱེས་སྲུང་སྐྱོང་སྲོག་ཆགས་ཁྱུ་ཚོགས་མང་པོ་དེ་གར་འཚོ་སྡོད་བྱེད་བཞིན་མཆིས།
2015ལོ་ནས་བཟུང་། བོད་ཀྱིས་བྱང་ཐང་དུ་རི་སྐྱེས་སྲོག་ཆགས་བདག་སྐྱོང་ས་ཚིགས་73བཙུགས་པ་དང་། མིག་སྔར་རི་སྐྱེས་སྲོག་ཆགས་ཀྱི་ཆེད་ལས་བདག་སྐྱོང་པ་780ཡོད་པ་དང་། བཀྲ་ཤིས་ནོར་བུ་ནི་དེའི་གྲས་ཤིག་རེད།
ཁོང་གིས“ཞོགས་པའི་ཆུ་ཚོད་དགུ་པར་ཐོན་ན་དགོང་མོའི་ཆུ་ཚོད་བརྒྱད་པ་དགུ་པར་གཞི་ནས་བདག་སྐྱོང་ས་ཚིགས་སུ་སླེབས་ཀྱི་ཡོད”ཅེས་བཤད། གལ་སྲིད་བདག་སྐྱོང་ས་ཚིགས་ཀྱིས་བཀོད་སྒྲིག་བྱས་པའི“སྐོར་ཞིབ་ཆེན་པོ”དང་འཕྲད་ཚེ་ལས་དོན་པས་མི་མེད་ཁུལ་གྱི་མཐིལ་དུ་བསྐྱོད་དེ་ཉིན་20ལྷག་ཙམ་རིང་སྐོར་ཞིབ་གཏིང་ཟབ་བྱེད་དགོས་ཀྱི་ཡོད། དེ་ནི་འདུ་འཛི་ཆེ་སར་ཡུན་རིང་ལས་ཀ་བྱེད་མྱོང་བའི་བཀྲ་ཤིས་ནོར་བུའི་ངོས་ནས་བརྗོད་ན་འགྲན་སློང་ཧ་ཅང་ཆེན་པོ་ཞིག་ཡིན་པ་སྟེ། ཆུ་འཐུང་བར་འཁྱགས་པ་གཅོག་དགོས་པ་དང་གཙང་པོ་ནས་ཆུ་ལེན་དགོས་པ་དང་། ལྟོ་ཟ་བར་རང་ཉིད་ཀྱིས་མེ་ཤིང་འཚོལ་དགོས་པ། གཉིད་ཉལ་བར་རང་ཉིད་ཀྱིས་གུར་རྒྱག་དགོས་པ། གང་དུ་སླེབས་ན་དེ་གར་སྡོད་དགོས་ཀྱི་ཡོད།
སྐོར་གཡེང་ལམ་བར་དུ་རི་སྐྱེས་སྲོག་ཆགས་ནི་བདག་སྐྱོང་པ་ཚོའི“གྲོགས་པོ་ཡག་ཤོས”རེད། རྐྱང་གི་ཁྱུ་ཚོགས་བག་ཕེབས་ཀྱིས་ཟས་འཚོལ་བཞིན་ཡོད་པ་དང་གཙོད་རེ་གཉིས་ཀྱིས་སྐབས་འགར་མགོ་ཡར་བཀྱགས་ནས་འགྲོ་འོང་བྱེད་མཁན་རླངས་འཁོར་ལ་ལྟ་བཞིན་འདུག བཀྲ་ཤིས་ནོར་བུས“ད་ཆ་ང་ཚོའི་སྲུང་སྐྱོང་ཁུལ་གྱི་སྲོག་ཆགས་མི་ལ་དེ་ཙམ་སྐྲག་གི་མེད”ཅེས་དགའ་སྣང་ཆེན་པོས་བཤད།
སྲོག་ཆགས་ལ་རོགས་སྐྱོབ་བྱ་རྒྱུ་ནི་སྐོར་གཡེང་ལམ་བུའི་ཐོག་གི་ལས་དོན་གལ་ཆེན་ཞིག་རེད། བཀྲ་ཤིས་ནོར་བུ་ཆེད་ལས་བདག་སྐྱོང་པ་བྱས་ནས་ལོ་8ལྷག་ཙམ་འགྲོ་ཡི་ཡོད་པ་དང་དེའི་རིང་རོགས་སྐྱོབ་བྱེད་མང་ཤོས་ཀྱི་སྲོག་ཆགས་ནི་གསའ་ཡིན་པ་རེད།
“མང་ཚོགས་ཀྱིས་ལྷས་རར་གསའ་འཛུལ་ནས་རང་ཁྱིམ་གྱི་ལུག་བསད་འདུག་ཅེས་ཐེར་འདོན་བྱེད་ཀྱི་ཡོད”ས་གནས་ས་ཐོག་ཏུ་སླེབས་རྗེས་བཀྲ་ཤིས་ནོར་བུས་དང་ཐོག་འབྲོག་པར་སེམས་གསོ་གཏོང་བ་དང་དེ་རྗེས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་སྐོར་གྱི་དྲིལ་བསྒྲགས་སློབ་གསོ་གཏོང་གི་ཡོད་པ་སྟེ། ཁོང་གིས“གསའ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་ཡིན་པས་ང་ཚོས་གནོད་འཚེ་གཏོང་མི་རུང་། ཁྱེད་ཚོར་དེ་མཚུངས་ཀྱི་ཁ་གསབ་སྤྲོད་ཀྱི་རེད”ཅེས་ཤོད་ཀྱི་ཡོད།
“ཁྲིམས་ལུགས་ཁྱབ་གདལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས་ད་ཆ་འབྲོག་པ་ཚོར་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་འདུ་ཤེས་ཆགས་ཡོད”ཅེས་བཀྲ་ཤིས་ནོར་བུས་བཤད། དེ་དག་ནི་ཡུན་རིང་སྲུང་སྐྱོང་ལས་དོན་སྤེལ་བ་ལས་བྱུང་བའི་འགྱུར་ལྡོག་ཅིག་རེད། དུས་རབས་གོང་མའི་དུས་མཇུག་དང་དུས་རབས་འདིའི་དུས་འགོར། བྱང་རྩྭ་ཐང་དུ་ལྐོག་རྔོན་རྒྱག་པའི་སྣང་ཚུལ་ཡང་ཡང་ཐོན་མྱོང་ཡོད། བཀྲ་ཤིས་ནོར་བུ་ལས་ཀ་བྱེད་སའི“ནོར་བུ་གཡུ་རྒྱལ་བདག་སྐྱོང་ས་ཚིགས”ཀྱི་མིང་ནི་སྐབས་དེ་དུས་རང་སྲོག་བློས་གཏོང་མཁན་ནགས་ཚལ་ཉེན་རྟོག་པ་ཞིག་གི་མིང་ས་ཚིགས་ལ་བཏགས་པ་སྟེ། 2002ལོར་ཉེན་རྟོག་པ་ཁོང་གིས་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ལྐོག་རྔོན་པ་འཛིན་བཟུང་བྱེད་སྐབས་མདེའུ་ཕོག་ནས་སྐུ་གཤེགས་པ་རེད།
ད་ཆ་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་། “ནོར་བུ་གཡུ་རྒྱལ”ཞེས་པ་དེའང་བཀྲ་ཤིས་ནོར་བུ་སོགས་ཀྱི་ཐུན་མོང་གི་མིང་ཞིག་ཏུ་གྱུར་ཡོད། གང་ལགས་ཤེ་ན། དེ་གར“ནོར་བུ་གཡུ་རྒྱལ”ནི“བྱང་ཐང་གི་སྲོག་ཆགས་སྲུང་སྐྱོང་པའི”མཚོན་རྟགས་ཤིག་ཡིན་པས་རེད། “ང་ཚོ་ཚང་མ་ནོར་བུ་གཡུ་རྒྱལ་ཡིན”ཞེས་བདག་སྐྱོང་པ་ཚོས་སྤོབས་སེམས་ཆེན་པོས་བཤད།