དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • བོད་ལྗོངས་ལྷ་སར་འོང་སྐོར་གྱི་རྟ་རྒྱུག་འགྲན་བསྡུར་བྱེད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-07-26

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་7ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། བོད་ཀྱི་ས་ཁུལ་ཁག་ཏུ་འོང་སྐོར་དུས་ཆེན་ཤར་ཡོད། འོང་སྐོར་ནི་བོད་ཀྱི་སྲོལ་རྒྱུན་གྱི་ལོ་ལེགས་དུས་ཆེན་ཞིག་ཡིན་ལ། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཅིག་ཀྱང་ཡིན། དུས་ཆེན་གཏོང་བའི་ཞིབ་ཕྲའི་དུས་ཚོད་ནི་ས་ཁུལ་ཁག་གི་ལོ་ཏོག་སྨིན་པའི་དུས་ཚོད་དང་བསྟུན་ནས་འགྱུར་ལྡོག་འགྲོ་བཞིན་ཡོད། འོང་སྐོར་དུས་ཆེན་རིང་། སྔ་མའི་གོམས་སྲོལ་ལྟར་ས་ཁུལ་ཁག་གིས་རྟ་རྒྱུག་འགྲན་བསྡུར་བྱེད་ཀྱི་ཡོད་པ་རེད།

    ཚེས་23ཉིན། ལྷ་ས་ལྷུན་གྲུབ་རྫོང་དགའ་ལྡན་ཆོས་འཁོར་གྲོང་རྡལ་ལྕང་རྒྱབ་གྲོང་ཚོའི་རྟ་རྒྱུག་ཐང་དུ། རྟ་རྩལ་གྱོན་ཆས་གྱོན་པའི་བདམས་ཐོན་པ་པད་མ་ཡི་དམ་རྟ་ཁམ་པ་ཞིག་ལ་བཞོན་ནས་ལག་པ་གཡས་པས་རྟ་ལྕག་གཡུག་གཡུག་བྱེད་བཞིན་མཐའ་མའི་གདོང་མཆོང་བྱེད་ཀྱི་ཡོད་པ་རེད།

    ཉིན་དེའི་འགྲན་བསྡུར་ནང་། བདམས་ཐོན་པ་བརྒྱ་ལྷག་ཙམ་འགྲན་ཞུགས་རྟ་ཡི་ན་སོ་ལ་བལྟས་ནས་ཚོགས་ཆུང་མི་འདྲ་བར་བགོས་ཡོད་པ་དང་། པད་མ་ཡི་དམ་གྱིས་ལོ་5དང་དེ་ཡན་གྱི“རྟ་ཆེན་པོའི”ཚོགས་ཆུང་གི་ཨང་དང་པོ་བླངས་པ་རེད། ཁོང་དང་ཁོང་གི་རྒྱུག་རྟ་ནི་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་ནས་ཡིན་ཞིང་། ཐེངས་འདི་ནི་ལྷུན་གྲུབ་རྫོང་གི་རྟ་རྒྱུག་འགྲན་བསྡུར་ལ་ཞུགས་ཐེངས་གཉིས་པ་ཡིན་པ་རེད། ཁོང་གིས“ང་ཚོའི་ཕ་ཡུལ་གྱི་རྟ་རྒྱུག་འགྲན་བསྡུར་ལ་ཞུགས་པར་ཡོང་མཁན་ཡང་མི་མང་པོ་ཡོད། ང་ཚོ་འབྲོག་ཁུལ་དབར་རྟག་ཏུ་རྟ་རྒྱུག་འགྲན་བསྡུར་བྱེད་ཀྱི་ཡོད”ཅེས་བཤད།

    ལོ་43ལ་སླེབས་པའི་ལྕང་རྒྱབ་གྲོང་ཚོའི་གྲོང་མི་བྱམས་པ་ནི་རྟ་ཐོག་ནས་འཚར་ལོངས་བྱུང་བ་ཞིག་ཡིན་ཞིང་། ཁོང་གིས་གསར་འགོད་པར“འོང་སྐོར་རྟ་རྒྱུག་འགྲན་བསྡུར་འདི་ང་ཚོ་ཆུང་དུས་ནས་འདུག ལོ་དྲུག་གོང་ནས་བཟུང་ང་ལ་རང་ཉིད་ཀྱི་རྒྱུག་རྟ་ཐོ་རུ་དགའ་སྐྱེད་ཡོད། འགྲན་བསྡུར་བྱེད་སྐབས། ང་ཚོས་རྒྱུག་རྟའི་རྔོག་མས་ལན་བུ་མང་པོ་བསླས་ཐོག་རྒོད་སྒྲོ་བཙུགས་ཏེ་བང་རྩལ་བྱ་ལྟར་མགྱོགས་པའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད།

    འགྲན་རའི་ཕྱིར་མི་ཚོགས་མང་པོ་འདུས་ཤིང་། ཁོང་ཚོའི་རྒྱབ་ཏུ་གུར་དཀར་པོ་མང་པོ་ཕུབ་ཡོད་པ་རེད། ལྕང་རྒྱབ་གྲོང་ཚོའི་གྲོང་མི་ལྷ་སྒྲོན་དང་ཁོ་མོའི་ལོ་8ལ་སླེབས་པའི་བུ་མོ་སྐལ་བཟང་དབང་མོས་རྟ་རྒྱུག་ལ་ལྟ་བཞིན་ཡོད་པ་དང་། ཁོང་གིས་ངའི་ནང་མི་བདུན་པོ་ཚང་མ་རྟ་རྒྱུག་ལ་ལྟ་བར་ཡོང་ཡོད། འགྲན་བསྡུར་ཧ་ཅང་འཁྲུག་པོ་འདུག་ཅེས་བཤད།

    གྲོང་མི་ཟླ་བ་ནི་ཆེད་མངགས་ལྷ་ས་ནས་རྟ་རྒྱུག་འགྲན་བསྡུར་ལ་ལྟ་རུ་ཡོང་མཁན་ཞིག་རེད། ཁོང་གིས“འདི་གའི་འོང་སྐོར་གྱི་རྟ་རྒྱུག་འགྲན་བསྡུར་ལ་ལྟད་མོ་ཆེན་པོ་འདུག བོད་ཀྱི་ས་ཁུལ་གཞན་དག་ནས་ཡོང་བའི་འགྲན་ཞུགས་པ་ཡང་མང་པོ་འདུག”ཅེས་བཤད།

    དགའ་ལྡན་ཆོས་འཁོར་གྲོང་རྡལ་ལྕང་རྒྱབ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གངས་ལྗོངས་ཀྱིས། རྟ་རྒྱུག་འགྲན་བསྡུར་བྱེད་པ་ནི་འོང་སྐོར་དགའ་གཏོང་བྱས་ནས་ལོ་ལེགས་བྱུང་བར་རྟེན་འབྲེལ་ཞུ་བ་ཙམ་མ་ཡིན་པར་རྟ་རྒྱུག་འགྲན་བསྡུར་གྱི་རིག་གནས་འདི་སྲུང་སྐྱོང་དང་རྒྱུན་འཛིན་བྱས་ནས། མི་རྣམས་ཀྱིས་བོད་ཀྱི་ཕུན་སུམ་ཚོགས་པའི་རིག་གནས་ཤུལ་བཞག་དང་ཐུན་མོང་མ་ཡིན་པའི་དམངས་སྲོལ་གོམས་གཤིས་མྱོང་རོལ་དེ་བས་ཡག་པོ་བྱེད་ཐུབ་ཆེད་ཀྱང་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།