དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • བྱེད་སྒོར་བརྟེན་ནས་འབྲེལ་ཟམ་འཛུགས་པ་དང་། རིག་གནས་ལ་བརྟེན་ནས་གྲོགས་པོ་སྒྲིག་པ། སྒྱུ་རྩལ་ལ་བརྟེན་ནས་མཁས་པ་འདུ་བ།

    ཀརྨ་རོང་དུ་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི“མཉམ་སྒྲོག་རོལ་དབྱངས”དཀྲོལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-07-25

    དབྱར་གཞུང་གི་ཟླ་བདུན་པར། རྫ་ཆུའི་སྟོད་རྒྱུད་ཀྱི“ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ཡུལ”དུ་གྲགས་པའི་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀརྨ་ཤང་དུ་མི་རིགས་ཁག་གི་བུ་ཕྲུག་ཚོས་དུས་ཆེན་གྱི་གཟབ་མཆོར་སྤྲས་པ་དང་ལག་ཏུ་ཁ་བཏགས་དཀར་པོ་བཟུང་ནས་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐུ་མགྲོན་བསུ་བཞིན་མཆིས། ཀོང་ཀྲོའུ་དང་། ཧྲང་ཧའེ། སི་ཁྲོན། མཚོ་སྔོན། ཐེན་ཅིན་སོགས་ལྗོངས་ཕྱི་ནང་གི་སྐུ་མགྲོན་དང་ཡུལ་སྐོར་བ་དང་དེ་བཞིན་ཡུལ་དེ་གའི་ལས་བྱེད་པ་དང་མང་ཚོགས་མཉམ་དུ་འཛོམས་ནས་ཀརྨ་རོང་དུ་གླུ་གར་གྱི་རྒྱ་མཚོར་བདེ་སྐྱིད་ཀྱི་དཔལ་ལ་རོལ་གྱི་ཡོད།

    ཚེས་19ཉིན་གྱི་སྔ་དྲོར“ད་ཆ་ངས་ཁ་རུབ་ཆུས་ཀྱི་ཀརྨ་རོང་རིག་གནས་ཡུལ་སྐོར་ཐོན་ལས་འོས་སྦྱོར་བྱེད་སྒོ་སྐབས་དང་པོ་དངོས་སུ་འགོ་ཚུགས་པ་ཁྱབ་བསྒྲགས་བྱེད་ཀྱི་ཡིན”ཞེས་བརྗོད་པ་དང་བསྟུན་ནས་ཀརྨ་རོང་དུ་སྐད་ཅིག་ལ་དགའ་སྤྲོའི་རྣམ་པས་ཁེངས།

    2023ལོའི་ཟླ་10པར། རྒྱལ་ཡོངས་ཀྱི་རིག་གནས་ཐོན་ལས་ཀྱིས་གྲོང་གསེབ་དར་རྒྱས་ལ་དཔལ་སྦྱིན་པའི་ཚོད་ལྟའི་མིང་ཐོ་ཁག་དང་པོ་63ཁྱབ་བསྒྲགས་བྱས་ཤིང་། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱང་མིང་ཐོར་ཚུད་ཡོད། མིག་སྔར་ཁ་རུབ་ཆུས་ཀྱིས་རྒྱལ་ཡོངས་ཀྱི་རིག་གནས་ཐོན་ལས་ཀྱིས་གྲོང་གསེབ་དར་རྒྱས་ལ་དཔལ་སྦྱིན་པའི་ཚོད་ལྟ་ཁག་དང་པོར་བདམས་པའི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ཏེ། ཀརྨ་རོང་གི་ལོ་རྒྱུས་རིག་གནས་ལྟེ་བར་བྱེད་པ་དང་ཀརྨ་རོང་གི་རིག་གནས་ཡུལ་སྐོར་ཐོན་ལས་འོས་སྦྱོར་བྱེད་སྒོ་སྐབས་དང་པོ་འབྲེལ་ཟམ་དུ་བྱས་ཏེ་ཁ་རུབ་ཆུས་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཡོང་བར་སྐུལ་འདེད་ཏན་ཏིག་བཏང་ཡོད།

    ཀརྨ་རོང་མཛེས་ལྗོངས་ཁུལ་དུ་ངོ་མཚར་ཆེ་བའི་འགོ་ཚུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་ཕུད། ད་དུང་དམངས་ཁྲོད་རྟ་རྒྱུག་དང་། ཤང(གྲོང་རྡལ)གི་སྒོར་གཞས་འཁྲབ་སྟོན། མེ་ཕུང་མཚན་ཚོགས་སོགས་ཀྱི་བྱེད་སྒོར་ཡང་དགའ་པོ་བྱེད་མཁན་གྲངས་ལས་འདས་པ་ཡོད། ཁྱད་ལྡན་ཞིང་ལས་ཐོན་རྫས་འགྲེམས་ཚོང་ཁུལ་དང་། མི་རིགས་ཀྱི་རྒྱན་གོས་ཉམས་ལེན་ཁུལ། མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན་ཁུལ། རྟ་བཞོན་ཉམས་ལེན་ཁུལ། “ཁྲ་ཁྲ·རོག་རོག”པར་རྒྱག་ས་སོགས་ཀྱིས་ཡུལ་སྐོར་བ་མི་ཉུང་བ་ཞིག་གི་ཡིད་དབང་བཀུག་ནས་ཉམས་དགའ་བའི་ཡུལ་ལྗོངས་སུ་གྱུར་ཡོད།

    ཐེན་ཅིན་ནས་སྒེར་འཁོར་བཏང་ནས་བོད་དུ་ཡོང་བའི་མཁྱེན་ལྡན་མ་དབྱང་གིས“གནས་འདིར་དབྱར་དུས་བསིལ་ལ་མཁའ་རླུང་ཡང་ཧ་ཅང་གཙང་མ་འདུག ལོ་བཅུ་ལྷག་ཙམ་གྱི་གོང་ཡོང་མྱོང་ཡོད། ད་ལྟའི་འགྱུར་ལྡོག་ནི་ཧང་སངས་པ་ཞིག་འདུག”ཅེས་བཤད།

    ཅང་ཤིས་ནས་ཡོང་བའི་སྐུ་ཞབས་ལིན་གྱིས“རྒྱལ་ལམ་317ལམ་རྒྱུད་ཀྱི་གསར་དར་ཡུལ་སྐོར་མཛེས་ལྗོངས་ཁུལ་འདིར་ཡུལ་སྐོར་དང་། ལྟ་རོལ། རྩེད་འཇོ་བཅས་བྱེད་ཐུབ་པས། དངོས་གནས་འགྲུལ་བཞུད་དོན་སྙིང་ལྡན་པ་ཞིག་བྱུང”ཞེས་བཤད།

    ཀོང་ཀྲོའུ་ཡི་མཁྱེན་ལྡན་མ་ཅང་གིས“ང་རང་ནི་ཕ་མ་དང་མཉམ་དུ་ཡུལ་སྐོར་ལ་ཡོང་བ་ཡིན། ཁོང་གཉིས་དགུང་ལོ་70ལྷག་ཙམ་རེད། བོད་དུ་ཡོང་ཐེངས་དང་པོ་ཡིན་པས་ལ་དུག་ཕྲན་བུ་བརྒྱབ་ཀྱང་། ཧ་ཅང་སྐྱིད་པོ་འདུག”ཅེས་བཤད།

    དྲ་གྲགས་མཛེས་ལྗོངས་ཁུལ་ལ་སྐྱོད་པ་དང་། ཁྱད་ལྡན་ཞིམ་ཟས་ཟ་བ། མངོན་མིན་རིག་གནས་ཤུལ་བཞག་གི་ཡིད་དབང་འཕྲོག་ཤུགས་ཉམས་ལེན་བྱེད་པ། བོད་ཆས་གྱོན་པ། ཞིང་ཟོག་ཉོ་བ། དམངས་སྲོལ་གནས་ཚང་རྩེ་གྲར་སྡོད་པ་སོགས་ཀྱི་ཉམས་ལེན་སྐྱིད་པོ་ལས་ཡུལ་སྐོར་བ་རྣམས་དགའ་བས་རབ་ཏུ་མྱོས།

    ཀརྨ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་བཀྲ་ཤིས་ཚེ་བརྟན་གྱིས། ད་ཐེངས་ཀྱི་བྱེད་སྒོར་གཞོགས་འདེགས་བྱ་ཆེད། ཀརྨ་ཤང་གིས་ཟླ་བ་ཁ་ཤས་རིང་གྲ་སྒྲིག་ཞིབ་ཚགས་བྱས་ནས་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་ཚོང་ཁང་དང་། ཁྱད་ལྡན་དམངས་སྲོལ་གནས་ཚང་། ཕྱི་རོལ་གྱི་སྒར་ས་སོགས་རིག་གནས་དང་ཡུལ་སྐོར་གྱི་གཞི་རྟེན་དང་དེ་བཞིན་རིག་གནས་ཡུལ་སྐོར་གྱི་ཐོན་རྫས་སྣ་ཁ་50ལྷག་ཙམ་བཏོད་ཡོད། བྱེད་སྒོའི་དུས་འགོར་བྱེད་སྒོ་སྤེལ་ཡུལ་བོགས་མར་གཏོང་བ་དང་གུར་རྒྱག་པ་སོགས་ཁོ་ན་ལས་ཀརྨ་ཤང་གི་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་40ལྷག་ཙམ་བྱུང་ཡོད་ཅེས་གསར་འགོད་པར་བརྗོད།

    ཁྱད་ལྡན་ཞིང་ཞོར་ཐོན་རྫས་འགྲེམས་ཚོང་ཁུལ་གྱི་བོད་ལུགས་གནའ་རྫས་ཚོང་ཁྲོམ་ཞིག་གི་མདུན་དུ་མི་ཚོགས་ཀྱིས་ཁེངས་པ་དང་། སྦྱིན་བདག་ཚེ་རིང་ཕུན་ཚོགས་ཚོང་ལས་ལ་བྲེལ་ནས་ཉིན་ཕྱེད་རིང་ཡོང་འབབ་སྒོར་ཁྲི་8ལྷག་ཙམ་ཟིན་ཡོད།

    ཚེ་རིང་ཕུན་ཚོགས་ཀྱིས“ང་ཚོའི་རྟ་སྒ་དང་བོད་བཟོའི་ཆང་སྣོད་སོགས་ཅ་དངོས་རྙིང་པ་ཤ་སྟག་ཡིན་པས་ཉར་ཚགས་ཀྱི་རིན་ཐང་ཧ་ཅང་ཆེན་པོ་ཡོད”བྱེད་སྒོ་གཟབ་རྒྱས་འདི་འདྲ་ཞིག་ལ་ཞུགས་ཐུབ་པས་ཧ་ཅང་དགའ་པོ་བྱུང་། གཞན་ཡང་སྲིད་གཞུང་གིས་གུར་དང་། སྒྲོག་ཙེ། རྐུབ་སྟེགས་བཅས་རིན་མེད་མཁོ་འདོན་བྱས་ཏེ་ཚོང་པར་སྟབས་བདེ་ཆེན་པོ་བསྐྲུན་བྱུང་ཞེས་གསར་འགོད་པར་བཤད།

    བྱེད་སྒོར་བརྟེན་ནས་འབྲེལ་ཟམ་འཛུགས་པ་དང་། རིག་གནས་ལ་བརྟེན་ནས་གྲོགས་པོ་སྒྲིག་པ། སྒྱུ་རྩལ་ལ་བརྟེན་ནས་མཁས་པ་འདུ་བ་བཅས་ཀྱི་ཁ་རུབ་ཆུས་ཀྱི་ཀརྨ་རོང་རིག་གནས་ཡུལ་སྐོར་ཐོན་ལས་འོས་སྦྱོར་བྱེད་སྒོ་སྐབས་དང་པོས“སི་ཁྲོན་ལ་གཟི་ཚ་སྡེ་དགུ་ཡོད་པ་དང་ཆབ་མདོར་ཀརྨ་རོང་ཡོད་པའི”རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་གཏོད་རྒྱུ་དེ་ལས་ཀའི་གཙོ་གནད་དུ་བརྩིས་ཡོད། མིག་སྔར་བྱེད་སྒོ་དེས་ཁེ་ལས་6དང་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་རགས་ཙམ་བཞག་པ་དང་། སྔོན་དཔག་བྱས་ན་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་200ཙམ་འཕར་བར་སྐུལ་ཁྲིད་ཐུབ་རྒྱུ་རེད།

    “སྲིད་ཇུས་ཀྱི་རྒྱབ་སྐྱོར་འདང་ངེས་དང་། རིག་གནས་དང་ཡུལ་སྐོར་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པ། འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་བཅས་ཡོད་ཚེ། ཀརྨ་རོང་དེ་ཆབ་མདོའི་ཕུན་སུམ་ཚོགས་པའི་རང་བྱུང་ཁྱད་ཆོས་མངོན་པ་དང་། རིག་གནས་ཀྱི་ངོ་མཚར་མཚོན་པ། མངོན་མིན་རིག་གནས་ཤུལ་བཞག་གི་ཡིད་དབང་འཕྲོག་ཤུགས་མྱོང་རོལ་བཅས་བྱེད་པའི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་གཙོ་གནད་གཞན་ཞིག་ཏུ་འགྱུར་ངེས་རེད”ཅེས་ཆབ་མདོ་གྲོང་ཨུད་ཀྱི་རྒྱུན་ཨུ་ཁ་རུབ་ཆུས་ཨུད་ཀྱི་ཧྲུའུ་ཅི་ཏེང་ཝུན་ཁྲང་གིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།