ཁྲལ་རིན་གཟིགས་སྐྱོང་སྲིད་ཇུས་བཟང་། ལྗང་མདོག་ཐོན་ལས་འཕེལ་རྒྱས་མྱུར།
—— ནག་ཆུ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་ལྗང་མདོག་ཁེ་ལས་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ནས་སྲིད་ཇུས་ཀྱི་ཟུར་ཁྲིད་གནད་སྨིན་བྱས་ཏེ་ཁྲལ་རིན་ཞབས་ཞུ་དོན་འཁྱོལ་ཞིབ་ཚགས་བྱས་པའི་སྐོར་བཀོད་པ།
བྱང་ཐང་ནག་ཆུའི་ཐུན་མོང་མ་ཡིན་པའི་རང་བྱུང་ཆ་རྐྱེན་དང་ས་ཁམས་ཁོར་ཡུག་གིས་ལྗང་མདོག་ཐོན་ལས་འཕེལ་རྒྱས་ལ་ས་རྒྱུ་གཤིན་པོ་བསྩལ་ཡོད། ད་ལོ་ཚུན་དུ། ནག་ཆུ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་ལྗང་མདོག་ཁེ་ལས་འཕེལ་རྒྱས་ཁྲོད་ཀྱི་དགོས་མཁོ་དང་། གནད་དོན། དཀའ་ངལ་བཅས་ལ་དམིགས་ཏེ། ཁྲལ་རིན་སྲིད་ཇུས་ཀྱི་ཟུར་ཁྲིད་གནད་སྨིན་དང་ཁྲལ་རིན་ཞབས་ཞུའི་བྱ་ཐབས་དོན་འཁྱོལ་ཞིབ་ཚགས་བྱས་ནས། བྱང་ཐང་གི་ལྗང་མདོག་ནུས་རྒྱུ་དང་། ལྗང་མདོག་འབྲོག་ལས། ཁྱད་ལྡན་ཐོན་ལས་བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད།
སྲིད་ཇུས་ཟུར་ཁྲིད་བྱས་ཏེ་ཁྲལ་དོན་ལས་ཁུངས་དང་ཁེ་ལས་དབར་འབྲེལ་ཟམ་བཙུགས་པ།
ད་ལོའི་ལོ་འགོ་ཚུན་དུ། ནག་ཆུ་གྲོང་ཁྱེར་གྱིས་འོད་གློག་དང་། ཚ་གློག རླུང་གློག་བཅས་གསུམ་གྱི་ནུས་རྒྱུ་གཙང་མའི་རྣམ་གྲངས་14ཐོན་སྐྱེད་བྱེད་འགོ་ཚུགས་པའམ་གསར་དུ་ལས་འགོ་བཙུགས་པར་མ་དངུལ་སྒོར་དུང་ཕྱུར་53.6གཏོང་རྩིས་ཡོད་པ་དེས་ནག་ཆུ་གྲོང་ཁྱེར་གྱི་ལོ་འཁོར་མོའི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་པའི་བསྡོམས་འབོར་གྱི་41%བཟུང་བ་དེ་ནི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཁྲོད་མ་འཇོག་བྱེད་མང་ཤོས་ཡིན་པ་རེད།
དུས་འགོའི་མ་གནས་མཐོ་བ་དང་ཕན་འབྲས་ཐོན་འགོར་བ་ནི་ལྗང་མདོག་ནུས་རྒྱུའི་ཁེ་ལས་མང་ཆེ་བའི་དཀའ་གནད་དུ་གྱུར་ཡོད། ནག་ཆུ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་ཁྲལ་རིན་གྱི་ཆ་འཕྲིན་བརྗེ་རེས་དང་མཉམ་སྤྱོད་ལམ་སྲོལ་ལ་གང་ལེགས་བརྟེན་པ་དང“དངུལ་ཁྲལ་མཉམ་འགུལ”ལས་སྟེགས་ཀྱི་ནུས་པ་ཧུར་ཐག་བཏོན་ཏེ། འཕེལ་སྒྱུར་དང་། ནོར་སྲིད། དངུལ་རྩ་བཅས་ཀྱི་སྒྲིག་གཞི་དང་རྒྱལ་མཛོད་སོགས་སྡེ་ཚན་དང་མཉམ་ལས་དམ་ཟབ་ཀྱིས་ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་བརྒྱབ་པ་དང་། ནུས་རྒྱུ་གཙང་མའི་ཁེ་ལས་དང་དངུལ་ཁང་དབར་མ་དངུལ་བསྡུ་སྒྲིལ་གྱི་འབྲེལ་ཟམ་སྐྲུན་རོགས་བྱས་པ། ཁེ་ལས་ཀྱི“ཁྲལ་འཇལ་གྱི་ཡིད་རྟོན”དེ“མ་དངུལ་བསྡུ་སྒྲིལ་གྱི་ཡིད་རྟོན”ལ་སྒྱུར་རོགས་བཅས་བྱས་ནས། དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་པའི་ཁེ་ལས་གསར་པ་དང་ཕྱོགས་སྒྱུར་ལ་གཞོལ་བའི་ཁེ་ལས་རྙིང་པར་མ་དངུལ་གྱི་འགན་ལེན་བྱས་པ་དང་། ཁེ་ལས་ཀྱི་མ་དངུལ་གྱི་གནོན་ཤུགས་ཆུང་དུ་གཏོང་བ་དང་། ཁེ་ལས་ཀྱི་མ་གནས་ཆུང་དུ་གཏོང་བ། ཁེ་ལས་ཀྱི་ཁུར་པོ་ཡང་དུ་གཏོང་བ་བཅས་བྱས་ཏེ་ལྗང་མདོག་ཐོན་ལས་འཕེལ་རྒྱས་ཀྱི་འགག་གནད་བསལ་ཡོད། ད་ལོའི་ཟླ་5པའི་ཟླ་མཇུག་བར། ནག་ཆུ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས“དངུལ་ཁྲལ་མཉམ་འགུལ”གྱི་ལས་སྟེགས་བརྒྱུད་ཡིད་རྟོན་དངུལ་བུན་སྒོར་ཁྲི་2548.80བཏང་ནས་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་དཀའ་གནད་ཞི་ལྷོད་དུ་ཏན་ཏིག་བཏང་བ་རེད།
གསེར་རྙེད་ཆུས་ཏེ་ཆིན་ནུས་རྒྱུ་གསར་པའི་ཚན་རྩལ་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཧན་དབྱིས། “ཁྲལ་དོན་ཅུས་ཀྱིས་འབྲེལ་ཟམ་བཙུགས་པར་བརྟེན། ང་ཚོས་ལྗང་མདོག་མ་དངུལ་བསྡུ་སྒྲིལ་གྱི་དངུལ་བུན་རེ་ཞུ་བྱས་ནས། ཀུང་སི་འཕེལ་རྒྱས་གཏོང་རིང་འཕྲད་པའི་མ་དངུལ་གྱི་དཀའ་གནད་ཐག་གཅོད་བྱས་པ་ཡིན”ཞེས་རྡོག་ཁྲེས་ལྕི་པོ་ཞིག་ཕབ་པ་ལྟར་བརྗོད།
ཁྲལ་རིན་གཟིགས་སྐྱོང་གིས་འབྲོག་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་པ།
ནག་ཆུར་ལྗང་མདོག་སྐྱེ་ལྡན་འབྲོག་ལས་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་ཡག་པོ་ཡོད། ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་ཁྲལ་དོན་རིགས་གཅིག་མཁས་ཅན་ཚོགས་པ་སྒྲིག་འཛུགས་བྱས་ཏེ། ཁེ་ལས་ཀྱི་ཐོན་སྐྱེད་དང་གཉེར་སྐྱོང་གི་གནས་ཚུལ་དང་། དཀའ་གནད། བསམ་འཆར་དང་གྲོས་འགོ་བཅས་ཤེས་རྟོགས་ཞིབ་ཕྲ་བྱས་ནས། རང་སོ་སོའི་ཁྱད་ཆོས་ལྡན་པ་དང་དམིགས་སའི་རང་བཞིན་ལྡན་པའི་ཁྲལ་བསྡུའི་མཛུབ་ཁྲིད་ཞབས་ཞུའི་ཇུས་གཞི་བཟོས་པ་རེད། དེ་དང་ཆབས་ཅིག “སྒོ་རྩར་སྲིད་ཇུས་དྲིལ་བསྒྲགས་བྱེད་པའི”བྱེད་སྒོ་སྤེལ་ནས་ཁེ་ལས་ལ་ལྗང་མདོག་སྐྱེ་ལྡན་འབྲོག་ལས་སྐོར་གྱི་རྒྱལ་ཁབ་ཀྱི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ངོ་སྤྲོད་བྱས་པ་དང་། ས་གནས་ས་ཐོག་ཏུ་ཁེ་ལས་ཀྱི་ཁྲལ་བསྡུའི་ཐད་ཀྱི་དོགས་གནད་ལ་ལན་བརྒྱབ་པ་རེད། ད་ལོའི་ཟླ་6པའི་ཟླ་མཇུག་བར། ནག་ཆུ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་འབྲེལ་ཡོད་ཁེ་ལས་ལ་འདྲི་རྟོག་ཐེངས་20ལྷག་ཙམ་བྱས་པ་དང་། ཁྲལ་དོན་ལས་ཁུངས་དང་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་9འཚོགས་པ། ཁེ་ལས་ཀྱི་དོགས་གནད་ལ་ལན་འདེབས་པའི་དྲ་རྒྱའི་ཐད་གཏོང་དུས་ཐེངས་3བྱས་ནས་ཁེ་ལས་ཀྱི་གནད་དོན་སྣ་ཚོགས་ཁག་33ཐག་གཅོད་བྱས་པ་རེད།
ནག་ཆུའི་ལྗང་མདོག་སྐྱེ་ལྡན་འབྲོག་ལས་ཀྱི་སྣེ་འདྲེན་ཁེ་ལས་ཡིན་པའི་བོད་ལྗོངས་དགའ་བདེ་སྐྱེ་ཁམས་འབྲོག་ལས་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ཁྲོམ་ར་སྡེ་ཚན་གྱི་འགན་འཁུར་བས་གདེང་ཚོད་ཆེན་པོས། “མིག་སྔའི་བར། ང་ཚོར་གནས་ཐང་འཕར་ཁྲལ་སྒོར་ཁྲི་24.97ཆག་ཡང་དང་རྩ་ཆག་བཏང་བ་དང་ཁེ་ལས་ཀྱི་ཐོབ་ཁྲལ་སྒོར་ཁྲི་24.07ཆག་ཡང་དང་རྩ་ཆག་བཏང་བས། ཁེ་ལས་ཀྱི་ཁུར་པོ་ཡང་དུ་ཤུགས་ཆེན་ཕྱིན་སོང”ཞེས་བརྗོད།
ཞབས་འདེགས་ཞིབ་ཚགས་ཞུས་ནས་དབྱར་རྩྭ་དགུན་འབུའི་ཐོན་ལས་ཀྱི་ཕན་འབྲས་ཆེ་རུ་དང་ཁུར་པོ་ཡང་དུ་བཏང་བ།
དབྱར་རྩྭ་དགུན་འབུ་ནི་ནག་ཆུ་གྲོང་ཁྱེར་གྱི་ཁྱད་ལྡན་སྐྱེ་དངོས་ཐོན་ཁུངས་རྩ་ཆེན་ཞིག་ཡིན་ཞིང་། དེས་ཞིང་འབྲོག་པའི་ཡོང་འབབ་མང་དུ་དང་། ཁྲོམ་ར་དར་རྒྱས་ལ་སྐུལ་འདེད། ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་བཅས་ལ་ནུས་པ་གལ་ཆེན་ཐོན་ཡོད།
གྲོང་ཁྱེར་ཡོངས་ཀྱི་དབྱར་རྩྭ་དགུན་འབུའི་ལས་རིགས་ལ་ཞབས་འདེགས་ཞུ་ཆེད། ནག་ཆུ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་རྐང་འཛིན་ཚོགས་པ་སྒྲིག་འཛུགས་བྱས་ནས། དབྱར་རྩྭ་དགུན་འབུའི་ཁྲོམ་ར་དང་དབྱར་རྩྭ་དགུན་འབུ་འཐུ་སར་བསྐྱོད་དེ་ཞབས་འདེགས་ཞུ་བ་དང་། ཁྲལ་དོན་བཅའ་ཁྲིམས་སྒྲོག་འགྲེལ་དང་འཛིན་ཤོག་དོ་དམ་གྱི་ཟུར་ཁྲིད་སོགས་ཀྱི་རྣམ་པའི་ཐོག་ནས། ཁྲལ་བསྡུའི་ཞིང་ཕན་ཞིང་རོགས་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་བ་རེད།
དོ་དམ་ཚད་ལྡན་ཡོང་ཆེད། ནག་ཆུ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་དབྱར་རྩྭ་དགུན་འབུའི་ཁྲོམ་རའི་གཉེར་སྐྱོང་དུད་ཚང་གི་གནས་ཚུལ་ལ་བསྡོམས་རྩིས་ནན་ཏན་བརྒྱབ་ནས་ཞིབ་བཤེར་བྱས་པ་བརྒྱུད། 2024ལོ་ཚུན་དུ། ནག་ཆུ་གྲོང་ཁྱེར་དུ་དབྱར་རྩྭ་དགུན་འབུ་ཉོ་ཚོང་གི་ལས་སྒོ་དངོས་སུ་གཉེར་མཁན་གྱི་ཁྲལ་འཇལ་ཚོང་དུད་545ཐོ་འགོད་བྱས་པའི་ཁྲོད། ཁེ་ལས་ཀྱི་ཁྲལ་འཇལ་ཚོང་དུད་62དང་ཁེར་རྐྱང་བཟོ་ཚོང་གི་ཁྲལ་འཇལ་ཚོང་དུད་483ཡོད་པ་རེད། དེ་དང་ཆབས་ཅིག ནག་ཆུ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་ད་དུང་ཁྲོམ་ར་ལྟ་འདོམས་སྡེ་ཚན་དང་འབྲེལ་གཏུག་མཐུན་སྦྱོར་ཧུར་ཐག་བྱས་ནས། ཐོ་ཁོངས་ནས་བསུབས་ཟིན་པ་དང་གཉེར་སྐྱོང་ཁྱབ་ཁོངས་མི་མཐུན་པའི་ཁྲལ་འཇལ་ཚོང་དུད་གཙང་བཤེར་བྱེད་བཞིན་ཡོད་པར། མིག་སྔར་དབྱར་རྩྭ་དགུན་འབུའི་ཁྲལ་འཇལ་ཚོང་དུད་279ཡི་གྲངས་གཞི་གཙང་བཤེར་གྱི་ལས་དོན་ལེགས་གྲུབ་ཟིན་ཡོད།
ནག་ཆུ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། སླད་ཕྱིན། ནག་ཆུ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས“དོན་ཆེན་བཞི”ལ་དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ། དེ་བས་ལེགས་པའི་ཁྲལ་བསྡུའི་ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་བཏོད་ནས། ནག་ཆུའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་ལེགས་སུ་ནུས་ལྡན་འགྲོ་བ་དང་གྲངས་འབོར་ལུགས་མཐུན་ངང་འཕར་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་བརྗོད།