དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • ཆ་སྙོམས་ས་བབ་མཐོ་ཚད་ལྔ་སྟོང་སར། འབྲི་ཆུའི་ཆུ་འགོ་སྲུང་མཁན་སྐོར་ཞིག་གདའ།

  • ཡོང་ཁུངས།  མི་དམངས་དྲ་བ།    |     སྤེལ་དུས།  2024-06-30

    འདི་ནི་དམར་ཆུ་ཤང་གི་ཡུལ་ལྗོངས་ཡིན་པ། 

    རིན་ཆེན་རྒྱ་མཚོས་ཞོགས་པ་སྔ་པོ་ནས་ཐོན་ཏེ་སྐོར་སྲུང་གི་ལམ་ལ་ཆས། ཁོང་ནི་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་དམར་ཆུ་ཤང་གི་འབྲི་ཆུའི་ཆུ་འགོའི་ཁོར་ཡུག་སྲུང་སྐྱོང་དང་བླངས་རུ་ཁག་གི་རུ་དཔོན་ཞིག་ཡིན་སྟབས། འཁྱགས་རོམ་དང་ཐང་རྒོད་སྲུང་སྐྱོང་བྱ་རྒྱུ་ནི་ཁོང་གི་ལས་ཀ་གལ་ཆེན་ཞིག་ཡིན་པ་རེད། 

    དམར་ཆུ་ཤང་གི་ས་རྒྱ་ཧ་ཅང་ཆེ་སྟེ་སྤྱི་ལེ་གྲུ་བཞི་མ་ཁྲི་2.64ཡོད་པ་དང་། ཁོངས་གཏོགས་ཁུལ་གྱི་སྤྱང་རྒན་སྡེ་རུ་འཁྱགས་རོམ་ནི་འབྲི་ཆུའི་ཆུ་འགོའི་གྲས་ཤིག་ཡིན། ཁོང་གིས་སྐོར་སྲུང་བྱེད་ཐེངས་རེར་ཆུ་ཚོད་8ནས་14བར་གཏོང་དགོས་ཤིང་། ལམ་ཐག་ཐུང་བའི་སྐབས་སུ་སྤྱི་ལེ་80 ནས་90ཙམ་དང་། ལམ་ཐག་རིང་བའི་སྐབས་སུ་སྤྱི་ལེ་150ནས་160བར་འགྲོ་དགོས་ཀྱི་ཡོད་པ་རེད།

    འདི་ནི་སྐུ་ལྷ་དར་གདོང་གངས་རི་ཡིན་པ། 

    རིན་ཆེན་རྒྱ་མཚོ་གནས་ཡུལ་དམར་ཆུ་ཤང་གི་འབྲི་ཆུའི་ཆུ་འགོའི་ཁོར་ཡུག་སྲུང་སྐྱོང་དང་བླངས་རུ་ཁག་ནི་འབྲོག་པ་ལས་གྲུབ་པའི་ཁོར་ཡུག་སྲུང་སྐྱོང་དཔུང་ཁག་ཅིག་ཡིན་པ་དང་། དང་བླངས་རུ་ཁག་གི་ཁོངས་མི་ཕལ་མོ་ཆེ་ནི་ས་གནས་དེ་གའི་མང་ཚོགས་ཡིན། ཁོང་ཚོས་རྐང་ཐང་མར་འབྲི་ཆུའི་ཆུ་འགོའི་འཁྱགས་རོམ་ཁུལ་དུ་སྐོར་སྲུང་བྱེད་པ་དང་། ལག་པ་གཉིས་ཀྱིས་ཐང་རྒོད་དང་། འཁྱགས་རོམ། ས་གནས་དེ་གའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་པ་ནི་ཁོང་ཚོའི་གདམ་ག་ཞིག་ཡིན་པ་རེད། 

    ས་ཁོངས་ཡངས་ཤིང་རྒྱ་ཆེ་བས་སྐོར་སྲུང་གི་ལས་ཀ་དཀའ་ཚེགས་ཧ་ཅང་ཆེ་བ་དང་། ས་ཆ་མང་པོར་ཁ་པར་གྱི་བརྡ་རྟགས་ཞན་པས་ལབ་པར་དེ་རུ་མི་ཚོའི་འཕྲིན་གཏོང་ཡོ་བྱད་གལ་ཆེན་ཞིག་ཏུ་གྱུར། སྐོར་སྲུང་བས་ཁྱབ་ཁོངས་ཁྲོད་གནད་དོན་འཕྲད་ཚེ་མྱུར་དུ་ལབ་པར་ལ་བརྟེན་ནས་ཕན་ཚུན་བརྡ་ལན་བཏང་ནས་སྐོར་སྲུང་ཁྲོད་སྟོང་ལུས་མེད་པའི་འགན་སྲུང་བྱས། ལབ་པར་གྱིས་རུ་མི་ཚོ་ལྷན་དུ་སྤྲེལ་བས་ཐུན་མོང་ཐོག་འཁྱགས་རོམ་སྲུང་སྐྱོང་གི་དྲ་བ་ཞིག་བསྐྲུན་ཡོད་པ་རེད། 

    འདི་ནི་སྐོར་སྲུང་བས་ལབ་པར་བརྒྱུད་ནས་སྐད་ཆ་ཤོད་རེས་བྱེད་བཞིན་པ། 

    ན་ནིང་རིན་ཆེན་རྒྱ་མཚོས་རྒྱུན་གཏན་གྱི་སྐོར་སྲུང་བྱེད་སྐབས་གློ་བུར་དུ་ལབ་པར་ནས“རླངས་འཁོར་ཞིག་སྲུང་སྐྱོང་ཁུལ་དུ་ཡོང་གི་འདུག་པས་ཚང་མས་ཡིད་གཟབ་བྱེད་དགོས”ཞེས་པའི་སྐད་སྒྲ་གྲགས་འོང་།

    “དེ་གར་རླངས་འཁོར་བརྒྱུད་པའི་རྗེས་ཤུལ་འདུག”“ངས་ཐག་རིང་ནས་རླངས་འཁོར་གྱི་གྲིབ་གཟུགས་མཐོང་བྱུང”ཞེས་པ་ལ་སོགས་ཚང་མས་ལབ་པར་ནས་རྒྱུན་ཆད་མེད་པར་འབྲེལ་བ་བྱེད་པ་དང་། མི་རིང་བར་རླངས་འཁོར་གནས་ས་གཏན་འཁེལ་ཐུབ་སྟེ། རུ་མི་ཚོས་མཐར་རི་ལྡེབས་ཤིག་ནས་ལྗིད་ཐེག་རླངས་འཁོར་མང་པོ་ཁ་བཀག་ཐུབ་ཡོད་པ་རེད། 

    ད་བྱེད་དུས་དེ་དག་ནི་སྒེར་འཁོར་བཏང་ནས་ཡོང་བའི་ཡུལ་སྐོར་བ་སྐོར་ཞིག་ཡིན་ཞིང་། ཕན་ཚུལ་འབྲེལ་བ་བྱས་རྗེས་རིན་ཆེན་རྒྱ་མཚོ་དང་རུ་མི་ཚོས་ཡུལ་སྐོར་བ་ཁྲིད་དེ་ཤང་དུ་ལོག་པ་རེད། རིན་ཆེན་རྒྱ་མཚོས “ལོ་ལྟར་སྒེར་འཁོར་བཏང་ནས་ཡུལ་སྐོར་དུ་ཡོང་མཁན་མང་པོ་ཞིག་ཡུལ་དེའི་མཛེས་ལྗོངས་ལ་སེམས་ཤོར་ནས་ཡོང་གི་ཡོད་ཀྱང་། བྱེད་སྤྱོད་དེ་རིགས་ཀྱིས་འབྲི་ཆུའི་ཆུ་འགོའི་སྐྱེ་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་ཚད་མེད་ཐེབས་ཀྱི་ཡོད་པས། ང་ཚོས་བཀག་འགོག་གང་ཐུབ་བྱེད་པ་དང་ཕྱིར་སློག་བྱ་རྒྱུའི་ཁ་ཏ་བསླབ་བྱ་བྱེད་ཀྱི་ཡོད”ཅེས་བཤད།

    འདི་ནི་སྐོར་སྲུང་བས་ཕྱི་རོལ་དུ་སྐོར་སྲུང་བྱེད་བཞིན་པ།

    དམར་ཆུ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཚེ་དབང་སྒྲོལ་མས་སྐད་འཕྲིན་ཚོགས་པ་ཞིག་གསར་འགོད་པར་བསྟན་པ་དང་ཚོགས་པའི་ཁྲོད་དུ་ཁོངས་མི་500ཟིན་ཡོད་པ་རེད། ཚེ་དབང་སྒྲོལ་མས“དེ་དག་ད་དུང་དང་བླངས་རུ་ཁག་གི་རུ་མི་ཚང་མ་མ་རེད། ཚོགས་མི་ཚོས་རྟག་ཏུ་ཚོགས་པའི་ནང་དུ་མྱོང་ཚོར་སྤེལ་རེས་བྱེད་པ་དང་། ཉིན་ལྟར་ཚོགས་པའི་ཁྲོད་དུ་ཁ་བརྡ་འཁྲུག་པོ་བྱེད་ཀྱི་ཡོད། ཚོགས་པའི་ཁྲོད་དུ་ནང་འཇུག་བྱེད་ས་སྟོང་པ་ཡོད་ན་ལམ་སེང་མི་ཞིག་ནང་འཇུག་བྱེད་ཀྱི་ཡོད། ད་ཆ་དང་བླངས་པ་800ལྷག་ཙམ་ཐོ་འགོད་བྱས་པ་དང་། གྲོང་མི་དུད་ཚང་600ལྷག་ཙམ་ལས་མེད་པའི་དམར་ཆུ་ཤང་ལ་མཚོན་ན་དུད་ཚང་ཚང་མར་དང་བླངས་པ་ཡོད”ཅེས་བཤད། 

    དང་བླངས་པའི་དཔུང་ཁག་ཏུ་ཞུགས་པ་ནི་གདམ་གསེས་ལས་སླ་པོ་ཞིག་མིན། དགུན་ཁར་རུ་མི་དེ་དག་གིས་ལྗིད་ཐེག་རླངས་འཁོར་བཏང་ནས་སྐོར་སྲུང་བྱེད་དགོས་ཀྱི་ཡོད། དྲོད་ཚད་ཀླད་ཀོར་འོག་གི་ཏུའུ་བཅུ་ཕྲག་ཁ་ཤས་དང་རུས་པར་ཟུག་པའི་ཁ་བ་བུ་ཡུག་ནི་སྐོར་སྲུང་ལམ་བུའི་ཐོག་གི་འགོག་རྐྱེན་ཆེ་ཤོས་ཡིན་པ་རེད། དབྱར་ཁར་སྦག་སྦག་ནི་གདམ་ག་ལེགས་ཤོས་ཡིན་ཞིང་། ཕྱོགས་གཅིག་ནས་གནམ་གཤིས་ཇེ་དྲོར་སོང་བ་དང་། ཕྱོགས་གཞན་ཞིག་ནས་འཁྱགས་ས་བཞུར་ནས་བྱུང་བའི་ན་འདམ་སྐོར་སྲུང་ལམ་བུའི་ཐོག་གང་སར་མཐོང་རྒྱུ་ཡོད་པས། སྦག་སྦག་བཞོན་ན་འདམ་ནང་ཟགས་པའི་ཉེན་ཁ་སེལ་ཐུབ་ཀྱི་ཡོད་པ་རེད། 

    དེ་ནི་བསླབ་བྱ་མང་པོའི་ཁྲོད་ཕྱོགས་སྡོམ་བྱས་པའི་ཉམས་མྱོང་ཞིག་ཡིན། སྐོར་སྲུང་ལམ་བུ་ནི་དེ་འདྲའི་བདེ་པོ་ཞིག་མིན། ལྷག་པར་དུ་གནམ་གཤིས་ཇེ་དྲོར་འགྲོ་སྐབས་སྐོར་སྲུང་ལམ་བར་དུ་ཆུ་ལོག་དང་ལམ་བརྡིབས་ཐུག་སླ་བས། དེས་རྣམ་ཀུན་སྐོར་སྲུང་བའི་བདེ་འཇགས་ལ་ཉེན་ཁ་བཟོ་བཞིན་ཡོད། ཐེངས་ཞིག རིན་ཆེན་རྒྱ་མཚོ་དང་རུ་མི་ཚོས་རླངས་འཁོར་བཏང་ནས་ཆུ་འགྲམ་ཞིག་ཏུ་འབྱོར་སྐབས། ཁོང་ཚོས་གཟབ་གཟབ་ཇི་ལྟར་བྱས་ཀྱང་། ས་སོབ་སོབ་ཡིན་པའི་དབང་གིས་རླངས་འཁོར་ཆུའི་ནང་དུ་ལྷུངས་བ་རེད། 

    དྲག་ཏུ་རྒྱུག་པའི་ཆུ་རྒྱུན་གྱིས་རླངས་འཁོར་དེ་ཆུ་ངོགས་དང་བར་ཐག་ཇེ་རིང་དུ་འཁྱེར་བ་མ་ཟད་འཁོར་སྒྲོམ་ནང་དུ་ཆུ་མང་པོ་འཛུལ་པས། རིན་ཆེན་རྒྱ་མཚོས“སྔོན་ལ་རླངས་འཁོར་གྱི་སྒང་དུ་འཛེགས”ཞེས་འཕྲལ་ཐག་ཆོད་པོས་བཤད། 

    ལས་རོགས་གཞན་དག་ཚོས་འཕྲལ་དུ་རོགས་སྐྱོབ་པའི་ལས་ལ་ཞུགས་པ་དང་། ལུག་པོར་ཐག་པ་བསྡམས་ནས་གྲལ་སྟར་གཅིག་བསྒྲིགས་ཏེ། ཆུ་བོའི་དཀྱིལ་དུ་ལུས་པའི་རླངས་འཁོར་ཡོད་སར་བསྐྱོད་པ་དང་། དེ་རྗེས་ཁོང་ཚོས་ཉེན་གྱར་རུ་མི་ཐག་པས་བསྡམས་ཏེ་དལ་བུར་ཆུ་ངོགས་སུ་འཐེན་མཐར་ཚང་མ་ཉེན་ཁ་ལས་གྲོལ་བ་རེད།

    སྐོར་སྲུང་ལམ་བུའི་ཁྲོད་དུ་བུ་ཡུག་དང་། ན་འདམ། ཆུ་ལོག་སོགས་འཕྲད་པ་ནི་རྒྱུན་གཏན་ཞིག་ཡིན་པ་དང་། གནམ་གཤིས་འགྱུར་ལྡོག་གང་འདྲ་ཞིག་ཡིན་རུང་གནོད་འཚེ་བྱུང་སླ་བས། དེས་རིན་ཆེན་རྒྱ་མཚོ་དང་རུ་མི་ཚོའི་བདེ་འཇགས་ལ་ཉེན་ཁ་བཟོ་ཡི་ཡོད་པ་རེད། 

    འདི་ནི་རིན་ཆེན་རྒྱ་མཚོ(གཡོན་གྱི་དང་པོ)དང་རུ་མི་ཚོས་འབྲི་ཆུའི་ཆུ་འགོར་སྐོར་སྲུང་བྱེད་ཞོར་དུ་ཕན་ཚུན་གཏམ་གླེང་བྱེད་བཞིན་པ། 

    འཆི་རྒོད་ཀྱང་དང་བླངས་རུ་ཁག་གི་རུ་མིའི་གྲས་ཤིག་ཡིན་པ་དང་། ཁོང་གིས་ཉིན་འགའ་རེའི་མཚམས་སུ་རང་ཉིད་ཀྱིས་རྟག་ཏུ་སྐོར་སྲུང་བྱེད་སའི་ས་ཁོངས་སུ་བསྐྱོད་དེ། ཆུ་ནང་དང་ཐང་སྟོང་གི་གད་སྙིགས་བསྒྲུགས་རྗེས་རྫོང་དུ་འཁྱེར་ནས་རིགས་དབྱེའི་གཙང་སེལ་བྱེད་ཀྱི་ཡོད་པ་རེད། འཆི་རྒོད་ཀྱིས“གད་སྙིགས་སྒྲུག་ཚད་ཧ་ཅང་ཉུང་ཉུང་ཡིན་མོད། འོན་ཀྱང་ང་ཚོས་སྔར་བཞིན་ཆུ་འགོའི་ས་ཁུལ་དུ་དངོས་པོ་གཞན་ཉུང་ཙམ་ཡོང་བའི་རེ་བ་བྱེད་ཀྱི་ཡོད། ཚང་མས་རང་ཉིད་ཀྱི་ཕ་ཡུལ་ཡག་ཐོག་ཡག་བརྩེགས་ཡོང་བའི་རེ་བ་བྱེད་ཀྱི་ཡོད་པ་དང་། འཁྱགས་རོམ་དང་དེའི་ཉེ་འཁོར་ཚང་མ་ང་ཚོའི་ཁྱིམ་གཞིས་དྲོན་མོ་ཡིན”ཞེས་བཤད། 

    ད་ཆ་རིན་ཆེན་རྒྱ་མཚོ་དང་འཆི་རྒོད་ཀྱིས་སྐོར་སྲུང་བྱེད་སྐབས་རི་སྐྱེས་སྲོག་ཆགས་དེ་བས་མང་བ་མཐོང་རྒྱུ་ཡོད་པ་དེས་ཁོང་ཚོར་སྤྲོ་སྣང་ཆེན་པོ་འཕེལ་བ་དང“དེ་ནི་སྐྱེ་ཁམས་ཇེ་ལེགས་སུ་སོང་བའི་བདེན་དཔང་དངོས་ཡིན་པ་རེད” 

    རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱ་རྒྱུ་དེ་ཡང་དང་བླངས་པའི་ལས་ཀའི་ཆ་ཤས་ཤིག་ཡིན། གཙོད་དང་དགོ་བ་སོགས་མདོར་ན་སྲོག་ཆགས་ལ་རྨས་སྐྱོན་བྱུང་ཚེ། རིན་ཆེན་རྒྱ་མཚོས་གཙོས་པའི་དང་བླངས་པ་ཚོས་རོགས་སྐྱོབ་གང་ཐུབ་བྱེད་ཀྱི་ཡོད་པ་རེད། 

    འདི་ནི་གཙོད་ཡིན་པ།

    རིན་ཆེན་རྒྱ་མཚོའི་ཁྱིམ་ཚང་ལ་མཚོན་ན། མི་རབས་གསུམ་གྱིས་འབྲི་ཆུའི་ཆུ་འགོ་སྲུང་བའི་ལས་ལ་གཞོལ་བཞིན་ཡོད། ཁོང་གི་ཨ་ཕ་ནི་དང་བླངས་པའི་རུ་མི་ཡིན་པ་དང་། སློབ་ཆུང་འགྲིམ་བཞིན་ཡོད་པའི་བུ་ཆུང་བ་ཤང་གིས་རྩ་འཛུགས་བྱས་པའི“འབྲི་ཆུའི་འགོ་ཁུངས་སྲུང་མཁན་ཆུང་ཆུང”དུ་བདམས་ཐོན་བྱུང་ནས། རྟག་ཏུ་ཁོར་ཡུག་སྲུང་སྐྱོང་གི་བྱེད་སྒོའི་ནང་དུ་ཞུགས་ཀྱི་ཡོད་པ་རེད། རིན་ཆེན་རྒྱ་མཚོས་དུས་རྒྱུན་ཕྲུ་གུར “ང་ཚོ་མི་རབས་ནས་མི་རབས་བར་ས་གནས་དེ་རང་ལ་འཚོ་བ་སྐྱེལ་གྱི་ཡོད་པས་མི་རབས་ནས་མི་རབས་བར་དེ་གར་སྲུང་སྐྱོང་ཡག་པོ་བྱེད་དགོས”ཞེས་ལབ་ཀྱི་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།