སྐྱ་ནམ་རྒྱས་པའི་རྒྱ་མའི་རོང་ཡུལ་ན། ཡུལ་སྐོར་ལས་རིགས་ཡར་ངོའི་ཟླ་ལ་འགྲན།
མལ་གྲོ་གུང་དཀར་རྫོང་སྲོང་བཙན་སྒམ་པོའི་འཁྲུངས་ཡུལ་གྱི་རྒྱལ་སྒོ་ཡིན་པ།
མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་སློང་མདའ་གྲོང་ཚོའི་ཡུལ་མིས་དཔྱིད་རྨོད་མཛད་སྒོར་རྡོ་སྒོར་འགྲན་བསྡུར་བྱེད་བཞིན་པ།
མལ་གྲོ་གུང་དཀར་རྫོང་རྒྱ་མ་རོང་གི་མཛེས་ལྗོངས་ཡིན་པ།
མལ་གྲོ་གུང་དཀར་རྫོང་གིས་བརྩེ་དུང་གི་མྱུ་གུ་མལ་གྲོ་ནས་འབུས་པའི་བརྩེ་གྲོགས་བརྒྱ་ཡི་མཉམ་སྡེབ་གཉེན་སྒྲིག་མཛད་སྒོ་སྤེལ་བཞིན་པ།
ཡུལ་སྐོར་བས་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་དུ་དྲན་རྟེན་པར་རྒྱག་བཞིན་པ།
ལྷ་ས་ནས་ཤར་ཕྱོགས་སུ་སྤྱི་ལེ་70ལྷག་ཙམ་བསྐྱོད་ཚེ་མལ་གྲོ་གུང་དཀར་རྫོང་རྒྱ་མ་རོང་དུ་སླེབས་ཀྱི་ཡོད། རྒྱ་མ་རོང་རྒྱ་མ་ཤང་དུ་བསྐྱོད་སའི་ལམ་བུ་ཡངས་ཤིང་། ཁོད་སྙོམས་པས་བག་ཕེབས་བདེ་བླག་ངང་སྐྱོད་བཞིན་པའི་རླངས་འཁོར་དག་ནི་ལུང་ཤུར་ན་དཀྲོལ་བཞིན་པའི་རོལ་དབྱངས་ཀྱི་སྒྲ་རྟགས་དང་གཉིས་སུ་མ་མཆིས།
དབྱར་ཟླ་འབྲིང་བའི་དུས་སུ་རབ་ཏུ་བཞད་པའི་པད་ཁའི་མེ་ཏོག་གིས་རི་གྲོང་ཡོངས་སུ་བརྒྱན་པ་དང་སེར་འོད་ཆེམ་ཆེམ་གྱི་པད་ཞིང་དང་སྔོ་ལྗང་གིས་བཀླུབས་པའི་རི་རྒྱུད་ལས་ཡིད་དུ་འོང་བའི་གྲོང་གསེབ་ཀྱི་མཛེས་རིས་ཤིག་གྲུབ་ཡོད་ལ། དབྱར་དུས་ཡུལ་སྐོར་ལ་འགྲོ་སའི་གནས་ཡག་པོ་ཞིག་ཏུའང་གྱུར་ཡོད།
ཉེ་བའི་ལོ་ཤས་རིང་། ཡུལ་སྐོར་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བ་དང་ཆབས་ཅིག་རྒྱ་མ་རོང་གིས་རྒྱལ་ལམ་དང་ཐག་ཉེ་བའི་ལེགས་ཆར་བརྟེན་པ་དང་རྒྱ་མ་ཤང་གིས་རྒྱ་མ་རོང་གི་ཕུན་སུམ་ཚོགས་པའི་ལོ་རྒྱུས་རིག་གནས་དང་། གཏེར་ཁའི་ཐོན་ཁུངས། རང་ངོས་ཀྱི་དོན་དངོས་བཅས་ལ་བརྟེན་ནས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་རྒྱ་མའི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དང་གྲོང་གསེབ་དར་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་བཏང་བས། ཤང་ཡོངས་ཀྱི་མང་ཚོགས་ཕ་ཡུལ་ནས་ཁ་བྲལ་མི་དགོས་པར་ཕྱུག་པོ་ཆགས་པ་མ་ཟད། གནའ་བོའི་གྲོང་ཚོ་འདི་ནས་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་རིག་གནས་ཀྱི་ནང་དོན་ཟབ་མོས་ཕྱུག་པའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་ནས་ཕྱོགས་བཞིའི་སྐུ་མགྲོན་བསུ་བཞིན་ཡོད།
རྒྱ་མ་རོང་གི་འཛུལ་སྒོར་བོད་བཟོའི་རྒྱལ་སྒོ་ཆེན་པོ་རྫིག་པོ་ཞིག་ཀྲོང་ངེར་གནས་ཡོད་པ་དེའི་ཐོག“སྲོང་བཙན་སྒམ་པོའི་འཁྲུངས་ཡུལ”ཞེས་བྲིས་འདུག རྒྱལ་སྒོ་འཛུལ་ནས་སྐྱོད་སྐབས་གཡོན་ངོས་ཀྱི་རི་སྐེད་ན་སྐད་གྲགས་ཆེ་བའི་སྲོང་བཙན་སྒམ་པོའི་དྲན་གསོ་ཁང་གནས་ཤིང་། གནས་འདི་ནས་ཡུལ་སྐོར་བས་ཡར་ཀླུང་ཚོ་པའི་དར་རྒྱས་དང་། གསར་བཅོས་ཁྲིམས་འཛུགས། ཐང་བོད་གཉེན་སྒྲིག་སོགས་ཀྱི་ལོ་རྒྱུས་ལ་རྒྱུས་ལོན་བྱེད་ཐུབ། མཛེས་ལྗོངས་ཁུལ་ཧྲིལ་པོ་4Aརིམ་པའི་ཚད་གཞི་ལྟར་ཇུས་འགོད་བྱས་པ་དེའི་ནང་སྲོང་བཙན་སྒམ་པོའི་དྲན་གསོ་ཁང་དང་གནའ་བོའི་གྱང་། དེ་བཞིན་སྲོང་བཙན་ལྷ་ཁང་སོགས་ཚུད་ཡོད་ཅིང་། ཡུལ་སྐོར་ལྟ་སྐོར་དང་རིག་གནས་དངོས་མང་སྟོན་ཚོགས། རིག་གཞུང་སྤེལ་རེས་བཅས་གཞི་གཅིག་ཏུ་འདུས་ཡོད།
ཧོར་ཁང་གཞིས་ཀར་ད་བར་ལོ་ངོ་800ལྷག་ཙམ་གྱི་ལོ་རྒྱུས་ལྡན་པ་དང་རྒྱ་ཁྱོན་ལ་མུའུ་75ཙམ་ཟིན་པ་དེ་ནི་ནན་ཅིང་གྲོང་ཁྱེར་གྱི་བོད་སྐྱོར་ཁག་དྲུག་པས་གཙོ་གནད་རོགས་སྐྲུན་བྱས་པའི་ཡུལ་སྐོར་གསར་སྤེལ་རྣམ་གྲངས་ཀྱི་གྲས་ཤིག་རེད། ཧོར་ཁང་གཞིས་ཀ་སྐྲུན་པ་དེས་རྒྱ་མའི་མཛེས་ལྗོངས་ཁུལ་ཧྲིལ་པོའི་ཡུལ་སྐོར་ཁོར་ཡུག་ལེགས་སུ་ཕྱིན་པ་མ་ཟད་ད་དུང་དེའི་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་ཕྱིན་ནས་ཡུལ་སྐོར་བར་བོད་ཀྱི་ལོ་རྒྱུས་རིག་གནས་དངོས་སུ་ཤེས་རྟོགས་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་མཁོ་འདོན་བྱས་ཡོད། ཧོར་ཁང་གཞིས་ཀའི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བས་རང་ཉིད་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་ཐུབ་པ་དང་སྲོལ་རྒྱུན་གྱི་ལྷ་མོའི་འཁྲབ་སྟོན་མྱོང་རོལ་ཐུབ་པ་མ་ཟད། ད་དུང་ལོ་ལེགས་འབྲས་བཟང་འཕྱུར་བའི་དུས་སུ་ས་གནས་དེ་གའི་ཡུལ་མི་དང་མཉམ་དུ་འོང་སྐོར་དགའ་གཏོང་དང་ས་གནས་དེ་གའི་དམངས་སྲོལ་མྱོང་རོལ་བྱེད་ཐུབ་ཀྱི་ཡོད།
“རྒྱ་མའི་གཞས་ཆེན”ནི་གླུ་གར་འཁྲབ་སྟོན་ཞིག་ཡིན་པས། ས་གནས་དེ་གར“འཁྲུངས་གླུ”ཞེས་བརྗོད་པ་དང་། དེ་ནི“གཞས་ཆེན”གྱི་ཡན་ལག་ཅིག་ཡིན། 2008ལོ་དང་2012ལོར་སྔ་རྗེས་སུ་རྫོང་རིམ་པ་དང་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་ནང་ཚུད་ཡོད། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ལ་སྔར་བས་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་ཆེད་2012ལོར་རྒྱ་མ་ཤང་གིས་གཞས་ཆེན་སྒྱུ་རྩལ་ཚོགས་པ་བཙུགས། ལོ་ཤས་རིང་འབད་བརྩོན་བྱས་པ་བརྒྱུད་2014ལོར“རྒྱ་མའི་གཞས་ཆེན”རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ནང་ཚུད་པ་རེད།
འདི་ལོ་ལོ་47ལ་སླེབས་པའི་ཕུར་བུ་སྒྲོལ་མ་ནི“རྒྱ་མའི་གཞས་ཆེན”དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་འགན་འཁུར་བའི་གྲས་ཤིག་ཡིན། ཞིང་དལ་སྐབས་ཁོ་མོ་དང་འགན་འཁུར་བ་གཞན་ཕུར་བུ་བསྟན་འཛིན་གྱིས་སྒྱུ་རྩལ་ཚོགས་པའི་ཁོངས་མི་བསྐོངས་ནས་ཧོར་ཁང་གཞིས་ཀའི་གར་སྟེགས་ཐོག“རྒྱ་མའི་གཞས་ཆེན”ནང་སྦྱོང་བྱེད་ཀྱི་ཡོད། ད་ཆ་ཚོགས་པ་དེར་ཁོངས་མི་20ལྷག་ཙམ་ཡོད་པ་ཚང་མ་ས་གནས་དེ་གའི་མང་ཚོགས་རེད། སྒྱུ་རྩལ་ཚོགས་པ་རྟག་ཏུ་མཚན་ཚོགས་སྣ་ཚོགས་དང་། དུས་ཆེན་གྱི་འཁྲབ་སྟོན། མངོན་མིན་རིག་གནས་ཤུལ་བཞག་འཁྲབ་སྟོན་སོགས་ལ་གདན་ཞུ་བྱེད་ཀྱི་ཡོད། དེའི་ཤུགས་རྐྱེན་ཐེབས་ཤུགས་དང་ཁྱབ་སྤེལ་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད།
གནའ་བོའི་སྒྱུ་རྩལ་དེ་སྲུང་སྐྱོང་དང་རྒྱུན་འཛིན་ཡག་པོ་བྱ་ཆེད་རྒན་རབས་ཚོས་སེམས་ནུས་ཆེན་པོ་བཏོན་ཡོད། ད་ཆའི་དུས་རབས་བྱ་འཕུར་བ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད་པས་རྒྱུན་འཛིན་དང་འཕེལ་རྒྱས་ལ་གོ་སྐབས་དང་འགྲན་སློང་ཡང་འཕྲད་ནས། དགའ་པོ་བྱེད་མཁན་ཚོར་སྟེགས་བུ་ཡག་པོ་ཞིག་མཁོ་འདོན་བྱས་ཏེ་རྒྱ་མའི་གཞས་ཆེན་གྱིས་མི་དེ་བས་མང་བ་དེའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད་ཅེས་ཕུར་བུ་སྒྲོལ་མས་བཤད།
རྒྱ་མ་ཤང་གི་ཁོངས་སུ་སློང་མདའ་གྲོང་ཚོ་དང་། ཁྲི་ཁང་གྲོང་ཚོ། ཙི་ཙི་རོང་གྲོང་ཚོ་བཅས་གྲོང་ཚོ་3ཡོད། སྲོང་བཙན་སྒམ་པོའི་དྲན་གསོ་ཁང་ནས་ཙི་ཙི་རོང་གྲོང་ཚོར་རྒྱང་ལྟ་བྱེད་སྐབས་གཙང་ཞིང་ཁོད་སྙོམས་པའི་གྲོང་ཚོའི་གཞུང་ལམ་དང་གྲལ་སྟར་འགྲིག་པའི་བོད་བཟོའི་ཁང་པ་གསར་རྐྱང་སྟར་པ་རེ་རེ་བཞིན་མིག་ལམ་དུ་མངོན་ཐུབ།
ཉེ་བའི་ལོ་ཤས་རིང་། ཁྲོམ་གཞུང་གི་ཟ་ཁང་དང་། ཚོང་ཁང་། སྒོ་རྩིས་ཚོང་ཁང་བཅས་ཕྱིན་པ་དང་། རི་ཁུག་ཧྲིལ་པོར་བྱ་འཕུར་བ་ལྟ་བུའི་འཕེལ་རྒྱས་བྱུང་ཡོད། དེ་ནི་རྒྱ་མ་ཤང་གི་ཐོན་ལས་དང་གྲོང་ཁྱེར་མཉམ་འདྲེས་འཕེལ་རྒྱས་མངོན་གསལ་དོད་པོ་ཡོང་བ་བྱས་ནས་རྨང་གཞིའི་སྒྲིག་བཀོད་དང་དེང་རབས་ཞབས་ཞུའི་ལས་རིགས་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་ལས་རིགས་དང་སྡོད་མལ་ལ་འཚམ་པའི་འཕེལ་རྒྱས་ལ་ཤུགས་སྣོན་བརྒྱབ་སྟེ། ཕྱིར་སྐྱོད་སྟབས་བདེ་དང་ཁོར་ཡུག་མཛེས་ལ་ལེ་ལག་ཚང་བའི་ཁྱད་ལྡན་གྲོང་རྡལ་ཆུང་གྲས་གསར་པ་གཏོད་པ་ལས་བྱུང་བ་ཞིག་རེད། “རྒྱ་མ་ཤང་གིས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཐབ་ཇུས་ལག་བསྟར་བྱེད་བཞིན་ཡོད་པ་དང་རི་ཁུག་གི་མཛེས་ལྗོངས་ནི‘རི་སྔོན་ཆུ་དྭངས་ནམ་ཡང་གནས་ཐུབ་པ་དང་ཕ་ཡུལ་གྱི་འཕྲེང་སེམས་ཡིད་ལ་འཇགས་ཐུབ’པའི་མིང་བྱང་ལྟ་བུ་རེད”ཅེས་རྒྱ་མ་ཤང་གི་ལས་དོན་མི་སྣ་བདེ་སྐྱིད་སྒྲོལ་དཀར་གྱིས་བཤད།
འབྱུང་འགྱུར་རྒྱ་མ་ཤང་གིས་གོང་རིམ་སྡེ་ཚན་དང་མུ་མཐུད་འབྲེལ་མཐུད་བྱས་ཏེ་རྒྱ་མ་ཤང་གི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་སྤྱི་ཡོངས་ནས་གཏོད་དེ་མཛེས་ལྗོངས་ཁུལ་གྱི་རྒྱལ་སྒོ་དང་ཧོར་ཁང་གཞིས་ཀ། སྲོང་བཙན་སྒམ་པོའི་དྲན་གསོ་ཁང་། ཁྲི་ཁང་གྲོང་ཚོའི་ཏང་འཛུགས་སྐྱོང་སྤྱི་གླིང་སོགས་ཡུལ་སྐོར་གྱི་གཞི་རྟེན་དང་གླིང་ཁའི་དཔལ་འབྱོར་སྔར་བས་ཕུན་སུམ་ཚོགས་སུ་གཏོང་བ་དང་། རིག་གནས་ཡུལ་སྐོར་གྲོང་རྡལ་ཆུང་ངུ་ནུས་ཤུགས་ཡོད་རྒུས་གཏོད་པ། “སྲོང་བཙན་གྱི་ཕ་ཡུལ”གྱི་སྤུས་རྟགས་སྐྱེད་སྲིང་བྱེད་པ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་། སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ཡུལ་སྐོར་སྤྲོ་གསེང་ལས་རྣམ་གཏོད་པ་དང་། ཡུལ་སྐོར་གྱི་ལེ་ལག་ཚང་བའི་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་རྒྱུ་རེད།