སྔོ་ལྗང་གཡུ་ལོ་རྒྱས་པའི་སྐྱེ་ཁམས་བཟང་། མཛེས་སྡུག་རྣམ་པར་བཀྲ་བའི་ཕ་ཡུལ་སྐྱིད།
—— བོད་ལྗོངས་ཉིང་ཁྲིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས་པའི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་པའི་ལག་ལེན་གྱི་འཚོལ་ཞིབ།
2021ལོའི་ཟླ་7པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ཉིང་ཁྲིར་རྟོག་ཞིབ་གནང་སྐབས་སྲུང་སྐྱོང་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་དང་། རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་འཁྱགས་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་མཐའ་འཁྱོངས། གཙང་པོ་དང་ཆུ་བོ་རྒྱུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སླར་གསོར་ཤུགས་སྣོན། ཆུའི་ཐོན་ཁུངས་ལུགས་མཐུན་ངང་གསར་སྤེལ་བེད་སྤྱོད་དང་སྲུང་སྐྱོང་བྱེད་པར་སྤྱི་འདོམས་བཅས་བྱས་ནས་དེ་གའི་སྐྱེ་དངོས་དང་རྩྭ་རྩི་ཤིང་དང་རི་ཆུ་ཀུན་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།
སྐྱེ་ཁམས་ནི་ཉིང་ཁྲིའི་ཐོན་ཁུངས་ཆེ་ཤོས་དང་། ལེགས་ཆ་ཆེ་ཤོས། མཛེས་སྡུག་ལྡན་ཤོས་བཅས་ཀྱི་རྨང་གཞི་རེད། ཉེ་ཆར། འོད་ཟེར་ཉིན་རེའི་ཚགས་པར་གྱི་བརྟག་ཞིབ་ཚོགས་ཆུང་དང་བཅས་པ་ཉིང་ཁྲིར་ས་གནས་དེས་ཇི་ལྟར་བྱས་ཏེ་སྲུང་སྐྱོང་དང་འཕེལ་རྒྱས་སྤྱི་འདོམས་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེགས་ཆ་ཟབ་གཏོད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ཏེ་ས་མཐོའི་སྐྱེ་དངོས་དང་རྩྭ་རྩི་ཤིང་དང་རི་ཆུ་སྲུང་སྐྱོང་ཡག་པོ་བྱས་ནས“སྔོ་ལྗང་རི་ཀླུང”མི་རིགས་ཁག་གི་མང་ཚོགས་ཀྱི“བདེ་སྐྱིད་ཀྱི་འབྱུང་ཁུངས”སུ་འགྱུར་བར་བྱེད་དགོས།
མཛེས་སྡུག་ཉམས་དགའ་བའི་རི་ཀླུང་བཀོད་པ་ལེགས།
ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་དུ་སྐྱོད་སྐབས་མཛེས་སྡུག་ཉམས་དགའ་བའི་རི་ཀླུང་གི་མཛེས་ལྗོངས་མིག་མདུན་དུ་འཆར། མི་རིང་བའི་སར་དྭངས་གཙང་གི་ཉང་ཆུ་གཙང་པོ་དང་ཡར་ཀླུང་གཙང་པོ་འདྲེས་ནས་སྨད་རྒྱུད་དུ་ཤང་ཤང་རྒྱུག་བཞིན་མཆིས།
ཡུལ་ལྗོངས་པར་རྒྱག་བཞིན་པའི་ཡུལ་སྐོར་བར་བལྟ་བཞིན་ཕུར་བུ་སྟོབས་རྒྱལ་གྱི་གདོང་ལས་སྤོབས་པས་ཁེངས་པའི་རྣམ་འགྱུར་འགོག་ཐབས་བྲལ། ལོ་40ལྷག་ཙམ་ལ་སླེབས་པའི་ཕུར་བུ་སྟོབས་རྒྱལ་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་སྤང་སྣེ་གྲོང་ཚོའི་གྲོང་མི་རེད་ལ་འདམ་རའི་སྤྱི་གླིང་གི་དོ་དམ་སྲུང་སྐྱོང་བ་45ཡི་གྲས་ཤིག་ཀྱང་རེད།
“ངའི་ཉིན་ལྟར་གྱི་ལས་འགན་ནི་ལྗོན་ཤིང་དང་། ཆུ་ཁུངས། རི་ཁྲོད་བཅས་ལ་སྐོར་ཞིབ་བྱ་རྒྱུ་དེ་ཡིན་པས་ཉིན་ལྟར་གོམ་པ་ཁྲི་ལྔ་དྲུག་ཙམ་སྐྱོད་དགོས་ཀྱི་ཡོད”དེ་ནི་ཕུར་བུ་སྟོབས་རྒྱལ་དོ་དམ་སྲུང་སྐྱོང་བ་བྱས་ནས་ལོ་4ལྷག་ཙམ་སོང་རིང་གི་རྒྱུན་གཏན་གྱི་ལས་ཀ་ཞིག་ཏུ་གྱུར་ཡོད། སྤང་སྣེ་གྲོང་ཚོ་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་དང་ཐག་ཉེ་པོ་ཡོད། དེ་སྔ་ས་ཁུལ་དེར་སྔོ་ཁེབས་ཐར་ཐོར་ལས་མེད་པ་དང་བྱེ་ཐང་དུ་འགྱུར་ཚབས་ཆེ་བས་དཔྱིད་སྟོན་གཉིས་སུ་གང་སར་བྱེ་རླུང་གིས་ཁེངས་ཀྱི་ཡོད།
2009ལོ་ནས་སྣང་ཚུལ་དེར་འགྱུར་ལྡོག་འགྲོ་འགོ་ཚུགས་ཤིང་། ལོ་དེར་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་ཚོད་ལྟའི་ངང་བསྐྲུན་འགོ་བཙུགས་པ་དང་2016ལོར་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་དོ་དམ་ཅུས་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་པ་རེད། ད་བར་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་4500ལྷག་ཙམ་བཏང་ནས་འདམ་ར་སྲུང་སྐྱོང་དང་ཉམས་གསོ་སོགས་ལས་གྲྭ་ཁག་4ལག་ལེན་བསྟར་ཡོད།
2022ལོའི་ཟླ་7ཚེས་21ཉིན། བོད་ལྗོངས་ཡར་ཉང་འདམ་རའི་སྐྱེ་ཁམས་མ་ལག་རྒྱལ་ཁབ་ཀྱི་གནས་གཏན་འཁེལ་ལྟ་ཞིབ་ཚད་ལེན་ཞིབ་འཇུག་ས་ཚིགས་དངོས་སུ་སྒོ་བྱང་བཀལ་ནས་ཡར་ཉང་འདམ་ར་སྲུང་སྐྱོང་ཚན་རིག་དང་མཐུན་པ་དང་། བེད་སྤྱོད་ལུགས་མཐུན། ཕྱོགས་ཡོངས་ནས་འཕེལ་རྒྱས་བཅས་ཀྱི་དུས་མཚམས་གསར་པ་གཏོད་འགོ་ཚུགས་ཡོད། ལྟ་ཞིབ་ཚད་ལེན་ཞིབ་འཇུག་ས་ཚིགས་བཙུགས་རྗེས་བོད་ལྗོངས་སློབ་ཆེན་སྐྱེ་ཁམས་ཁོར་ཡུག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ལྷག་ཆུང་དེ་གའི“རྒྱུན་ཕེབས་མགྲོན་པོར”གྱུར་ནས“ཟླ་རེར་མང་དུས་ཐེངས་4དང་ཉུང་མཐར་ཡང་ཐེངས་གཉིས་སྐྱོད་ཀྱི་ཡོད”
མིག་སྔའི་བར། འདམ་རར་འདབ་ཆགས་རིགས་57དང་། འབུ་སྲིན་རིགས་154 རྩི་ཤིང་རིགས་64བཅས་ལྟ་ཞིབ་ཚད་ལེན་ཐུབ་ནས་ཐོ་འགོད་བྱས་ཡོད་པས་དེ་ནི་མིང་དོན་མཚུངས་པའི་སྲོག་ཆགས་དང་རྩི་ཤིང་གི་ལྷ་ཡུལ་ཞིག་རང་རེད། “ང་ཚོས་ས་མཐོའི་སྐྱེ་ཁམས་མ་ལག་གི་རང་བྱུང་རིམ་འགྱུར་ཆོས་ཉིད་ལ་མཐོང་ཆེན་བྱས་ཏེ་རང་བྱུང་སླར་གསོ་གཙོ་བོར་བྱེད་པ་དང་མི་ཐབས་ཉམས་གསོ་ཕལ་པར་བྱས་ནས་སྔར་བས་འཐུས་སྒོ་ཚང་བའི་ལྟ་ཞིབ་ཚད་ལེན་མ་ལག་བཙུགས་ཏེ་འདམ་རའི་འགུལ་རྣམ་འགྱུར་ལྡོག་ཆོས་ཉིད་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ་འདམ་རར་སྲུང་སྐྱོང་ལ་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱེད་དགོས”ཞེས་ལྷག་ཆུང་གིས་བརྟག་ཞིབ་ཚོགས་ཆུང་ལ་ནན་བཤད་བྱས།
དེ་སྔའི་གྲམ་ཐང་དེ་ད་ལྟ་སྔོ་ལྗང་ཅན་དུ་གྱུར་ཞིང་། “མིག་ལ་སྲུང་སྐྱོང་བྱེད་པ་ལྟར་རང་བྱུང་དང་སྐྱེ་ཁམས་ཁོར་ཡུག་ལའང་སྲུང་སྐྱོང”བྱེད་པ་ནི་སྤང་སྣེ་གྲོང་ཚོའི་གྲོང་མི་ཚོའི་རང་རྟོགས་ཀྱི་བྱ་སྤྱོད་ཅིག་ཏུ་གྱུར་ཡོད། འདབ་ཆགས་ཀྱིས་ཁེངས་པའི་དགའ་འོས་པའི་རྣམ་པར་ལྟ་བཞིན་ཕུར་བུ་སྟོབས་རྒྱལ་གྱིས“འདམ་རའི་སྤྱི་གླིང་གི་འགྱུར་ལྡོག་ནི་ལས་སླ་པོར་བྱུང་བ་ཞིག་གཏན་ནས་མིན་པས་ང་ཚོས་སེམས་ནུས་ཡོད་རྒུས་སྲུང་སྐྱོང་ཡག་པོ་བྱེད་དགོས”ཞེས་བཤད།
གནས་སྟོད་འཁྱགས་རོམ་ནི་སྤོ་བོ་རྫོང་གཡུ་ཕུག་ཤང་དུ་གནས་པ་དང་རང་རྒྱལ་གྱི་མཛེས་ཤོས་ཀྱི་འཁྱགས་རོམ་ཆེ་གྲས་དྲུག་གི་གྲས་ཤིག་ཏུ་གྲགས། 2008ལོ་ནས་བཟུང་། བསྟན་པ་དར་རྒྱས་གནས་སྟོད་འཁྱགས་རོམ་མཛེས་ལྗོངས་ཁུལ་དོ་དམ་ཨུ་ལྷན་དུ་ལས་ཀར་ཡོང་བ་དང་གོ་ལ་ཧྲིལ་པོའི་དྲོད་ཚད་མཐོ་རུ་ཕྱིན་པ་དང་བསྟུན་ནས་འཁྱགས་རོམ་རྒྱུན་མཐུད་བཞུར་ཏེ་སྐད་གྲགས་ཆེ་བའི་འཁྱགས་རོམ་མཛེས་ལྗོངས་ཁུལ་ཁག་གཅིག་གི་དེ་སྔའི་ཉམས་འགྱུར་རིམ་བཞིན་མེད་པར་གྱུར་པས་སྐབས་ཤིག་རིང་བསྟན་པ་དར་རྒྱས་སེམས་ཁྲལ་ཆེན་པོ་བྱུང་ཡོད།
ཁོར་ཡུག་སྲུང་སྐྱོང་ལམ་ལུགས་ཡག་ཏུ་གཏོང་བ་དང་། ཁོར་ཡུག་སྲུང་སྐྱོང་དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། གད་སྙིགས་གཅིག་སྡུད་ཐོག་བསྡུ་རུབ་གཙང་སྐྱེལ། གཞི་གཅིག་ཅན་གྱི་བཙོག་ཆུ་གཙང་བསིང་སྒྲིག་ཆས་བཀོད་སྒྲིག་སོགས་ཉེ་བའི་ལོ་ཤས་རིང་ས་གནས་དེ་གས་འཁྱགས་རོམ་སྲུང་སྐྱོང་བྱེད་པ་དེ་དོན་ཆེན་ཨང་དང་པོར་བརྩིས་ནས་མིའི་རིགས་ཀྱི་འགུལ་སྐྱོད་བྱེད་སྒོས་འཁྱགས་རོམ་ལ་ཤུགས་རྐྱེན་ཐེབས་ཤུགས་ཆུང་དུ་གཏོང་གང་ཐུབ་བྱས་ཡོད།
མཛེས་ལྗོངས་ཁུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བསྟན་པ་དར་རྒྱས་སྔོན་མ་ལས་དེ་བས་ལས་བྲེལ་ཆེ་རུ་སོང་ཞིང་། ཁོང་དགའ་འོས་པ་ཞིག་ནི་དེ་སྔ་འཁྱགས་རོམ་དུ་མི་གཏོང་གི་མེད་པའི་དབང་གིས་འཁང་ར་བྱེད་མཁན་ཡུལ་སྐོར་བ་མི་ཉུང་བ་ཞིག་ཡོད་མོད། འོན་ཀྱང་ད་ཆ་ཚང་མས་འཁྱགས་རོམ་སྲུང་སྐྱོང་གི་དོན་སྙིང་གལ་ཆེན་ཤེས་ཀྱི་ཡོད་པ་དེ་རེད།
སྲུང་སྐྱོང་ཡག་ཤོས་ནི་འཕེལ་རྒྱས་ཡག་ཤོས་དེ་རེད། ཉིང་ཁྲི་གྲོང་ཁྱེར་གྱིས་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་འཁྱགས་བཅས་ཕྱོགས་བསྡུས་བཅོས་སྐྱོང་ལ་སྤྱི་འདོམས་མཐའ་འཁྱོངས་བྱས་ནས་བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་པའི་འཕེལ་རིམ་ཁྲོད་མདུན་གྲལ་དུ་བསྐྱོད་གང་ཐུབ་བྱེད་ཀྱི་ཡོད། བསྡོམས་རྩིས་ལ་གཞིགས་ན། ས་གནས་དེ་ག་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་བཞི(ཉིང་ཁྲི་གྲོང་ཁྱེར་དང་། བྲག་ཡིབ་ཆུས། ཀོང་པོ་རྒྱ་མདའ་རྫོང་། སྤོ་བོ་རྫོང་བཅས)དང་། “རི་བོ་གཉིས”ལག་ལེན་གསར་གཏོད་རྟེན་གཞི་གཅིག(བྲག་ཡིབ་ཆུས) རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་རྫོང་5 དཔེ་སྟོན་ཤང(གྲོང་རྡལ)39 དཔེ་སྟོན་གྲོང་ཚོ་360བཅས་ཐོན་ཡོད།
མཛེས་མཐུན་འཚོ་བར་མི་རྣམས་ཀྱི་ཡིད་དབང་འཕྲོག
རྒྱལ་ལམ་318ནས་ཐོན་ཏེ་རི་ལམ་ཀྱག་ཀྱོག་བརྒྱུད་རི་ལྡེབས་ཤིག་བསྐོར་རྗེས་བོད་རིགས་ཀྱི་ཁྱད་ལྡན་གྲོང་ཚོ་ཞིག་བརྟག་ཞིབ་ཚོགས་ཆུང་གི་མིག་ལམ་དུ་གསལ་ལེར་མངོན་པ་དེ་ནི་སྤོ་བོ་རྫོང་རྒུ་ཤང་ཀ་གནམ་གྲོང་ཚོ་ཡིན་ཞིང་། གྲོང་ཚོ་ཧྲིལ་པོ་ཀ་གནམ་རྒྱལ་ཁབ་འདམ་རའི་སྤྱི་གླིང་དུ་གནས་པ་དང་། ཕྱོགས་བཞི་རི་བོས་བསྐོར་བ། རོང་དུ་མེ་ཏོག་དང་རྩྭ་རྩི་ཤིང་གིས་ཁེངས་ལ། ཆེན་པོ་དེ་ཙམ་མེད་པའི་ཀ་གནམ་མཚེའུ་འདི་ཉིད་ཀྱང་ཨན་ད་རྙིལ་གྱིས་ཕྲ་ཚོམ་བཏབ་པ་ལྟར་སྔོ་ཐིང་ངེར་གནས།
ཀ་གནམ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བཀྲ་གྲུབ་དང་མཉམ་དུ་གྲོང་ཚོའི་ཉེ་འཁོར་དུ་འཆམ་འཆམ་དུ་སྐྱོད་སྐབས། བོད་བཟོའི་སྡོད་ཁང་གི་སྟར་པ་གྲལ་འགྲིག་པོར་གནས་ཤིང་། འབྲི་གཡག་ཁྱུ་དང་ཁྱུ་བག་ཕེབས་ངང་སྔོ་ལྗང་རྩྭ་ལ་རོལ་བཞིན་མཆིས། “ད་ཆ་སྐྱེ་ཁམས་ཞིང་སྡེའི་ཡུལ་ལྗོངས་ལ་དགའ་བའི་མི་མང་པོ་ཞིག་ཀ་གནམ་གྲོང་ཚོར་སྤྲོ་གསེང་དུ་ཡོང་གི་ཡོད་པས། གྲོང་ཚོར་ཁྱིམ་ཚང་མགྲོན་ཁང་18བཙུགས་ཡོད་པ་མ་ཟད། ད་དུང་མཉམ་སྡེབ་ཀྱི་ཁྱིམ་ཚང་མགྲོན་ཁང་ཡང་བཙུགས་ཡོད། 2023ལོར་གྲོང་ཚོས་ཡུལ་སྐོར་བ་མི་ཐེངས་ཁྲི་2.5ལ་སྣེ་ལེན་ཞུས་པ་དང་། གྲོང་མི་ཚོས་ཡུལ་སྐོར་ཞབས་ཞུའི་ནང་ཞུགས་པ་དང་ཡུལ་སྐོར་ཐོན་རྫས་ཕྱིར་ཚོང་བྱས་པར་ཡོང་འབབ་སྒོར་ཁྲི་140ལྷག་ཙམ་བྱུང་ཡོད”ཅེས་བཀྲ་གྲུབ་ཀྱིས་ངོ་སྤྲོད་བྱས།
ཉིང་ཁྲིར་ཀ་གནམ་གྲོང་ཚོ་དང་འདྲ་བར“སྐྱེ་ཁམས་ཡོང་འབབ”ལེགས་པའི་གྲོང་ཚོ་ཧ་ཅང་མང་པོ་ཡོད་ཅིང་། བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་དུ་གནས་པའི་ཀ་ལ་གྲོང་ཚོ་ནི་དེའི་ཁྲོད་ཀྱི་སྐད་གྲགས་ཆེ་ཤོས་ཤིག་རེད།
ཀ་ལ་གྲོང་ཚོ་ནི་དཔྱིད་དུས་རི་ཐང་དུ་ཁམ་བུའི་མེ་ཏོག་རབ་ཏུ་བཞད་པ་ལས་སྐད་གྲགས་ཆོད། ལོ་ལྟར་ཟླ་3པ་དང་4པར་གྲོང་ཚོ་ཡོངས་ཀྱི་རི་སྐྱེས་ཁམ་བུའི་མེ་ཏོག་མུའུ་270ལྷག་ཙམ་རབ་ཏུ་བཞད་ནས་མེ་ཏོག་གི་རྒྱ་མཚོ་ཞིག་དང་འདྲ་བར་ཡུལ་སྐོར་བ་མང་པོ་ལེ་དབར་ཁྲི་ཡི་ས་ནས་འདི་གར“དབེན་པའི་སྐྱིད་ཚལ”གྱི་མཛེས་པ་མྱོང་རོལ་བྱེད་པར་ཡོང་གི་ཡོད།
བརྟག་ཞིབ་ཚོགས་ཆུང་དང་བཅས་པ་ཀ་ལ་གྲོང་ཚོར་སླེབས་སྐབས་ཁམ་བུའི་མེ་ཏོག་བཞད་པའི་དུས་ཚོད་ཡོལ་ནས་ལྗོན་ཤིང་ལས་མཐོང་རྒྱུ་མེད། གྲོང་མི་ཉི་མ་རྡོ་རྗེས་ཞོགས་པ་སྔ་པོ་ནས་ཁང་པའི་ཕྱི་ནང་གི་གཙང་སྦྲ་ལེགས་པར་བྱས་པ་དང་། བརྟག་ཞིབ་ཚོགས་ཆུང་ཡོང་བ་མཐོང་སྐབས་སེམས་རྩ་འཁོལ་པོས་ཚང་མ་རང་ཁྱིམ་དུ་ཚ་སོབ་སོབ་ཀྱི་ཇ་བསྲུབས་མ་འཐུང་བར་གདན་དྲངས།
“འདི་ལོའི་ཁམ་བུའི་མེ་ཏོག་དུས་ཆེན་རིང་། ང་ཚོ་ཀ་ལ་གྲོང་ཚོས་ཡུལ་སྐོར་བ་མི་ཐེངས་ཁྲི་11ལྷག་ཙམ་ལ་སྣེ་ལེན་ཞུས་ནས་གྲོང་ཚོར་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་370ལྷག་ཙམ་བྱུང་བ་དེ་2023ལོའི་དུས་མཚུངས་ལས་8.5%འཕར་ཡོད། དེའི་ཁྲོད་སྒོ་འཛིན་གྱི་ཡོང་འབབ་སྒོར་ཁྲི་330ལྷག་ཙམ་བྱུང་བ་དང་། ཡུལ་སྐོར་པར་ལེན་དང་བཟའ་བཏུང་སོགས་ཚོང་པའི་བོགས་དངུལ་དང་། དེ་བཞིན་གྲོང་ཚོའི་མཉམ་སྡེབ་ཀྱི་ཇ་ཁང་དང་། ཚོང་ཁང་དང་སྒོ་རྩིས་ཚོང་ཁང་བཅས་ལ‘འཛད་སྤྱོད་ཐེངས་གཉིས་པའི’ཡོང་འབབ་སྒོར་ཁྲི་40ཙམ་བྱུང་ཡོད”ཅེས་ཀ་ལ་གྲོང་ཚོའི་ཁོངས་གཏོགས་ཀྱི་སྤྲིན་པ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཉི་མ་རྡོ་རྗེས་འདས་མ་ཐག་པའི་ཁམ་བུའི་མེ་ཏོག་དུས་ཆེན་གྱི་ཡོང་འབབ་མཛུབ་རྩིས་ཞིབ་ཚགས་རྒྱག་གིན་གདོང་ལས་དགའ་བའི་འཛུམ་མདངས་མངོན་བཞིན་བཤད།
ཉིང་ཁྲིས་སྐྱེ་ཁམས་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་ཉམས་མྱོང་དང་བློ་སྒོ
ཉིང་ཁྲིས་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི་ཡིན་པའི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས། ཚན་རིག་དང་མཐུན་པའི་འཆར་འགོད་དང་། བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་། ཚན་རྩལ་གསར་གཏོད། སྲིད་ཇུས་ལྕག་སྐུལ་སོགས་ཀྱི་བྱེད་ཐབས་སྤྱད་པར་བརྟེན་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་ལྗང་མདོག་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་ས་མཐོའི་ས་ཁུལ་གྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཐབས་ལམ་ནུས་ལྡན་འཚོལ་ཞིབ་བྱས་ཡོད།
ཚན་རིག་དང་མཐུན་པའི་འཆར་འགོད་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་བྱས་པ། ཉིང་ཁྲི་གྲོང་ཁྱེར་གྱིས་སྐྱེ་ཁམས་སྲུང་སྐྱོང་ཁྲོད་ཚན་རིག་དང་མཐུན་པའི་འཆར་འགོད་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་གི་རྩ་དོན་མཐའ་འཁྱོངས་བྱས་ཤིང་། 《ཉིང་ཁྲི་གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད》སོགས་སྐྱེ་ཁམས་སྲུང་སྐྱོང་གི་འཆར་འགོད་དང་སྲིད་ཇུས་རབ་དང་རིམ་པ་བཟོས་པ་བརྒྱུད། སྐྱེ་ཁམས་སྲུང་སྐྱོང་གི་དམིགས་ཚད་དང་ཐབས་ལམ་ཁ་གསལ་དུ་ཕྱིན་ཡོད། ཞིབ་ཕྲའི་ལག་ལེན་ཁྲོད་ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱུག་ཁུལ་བཅོས་སྐྱོང་དང་། ནགས་ཚལ་སྲུང་སྐྱོང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སོགས་ལྷན་སྦྱར་འདུ་འགོད་ལག་ལེན་བསྟར་ནས། སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་བརྟན་ལྷིང་རང་བཞིན་ཆེ་རུ་ནུས་ལྡན་བཏང་སྟེ་སྐྱེ་ཁམས་སྲུང་སྐྱོང་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།
སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པ། ཉིང་ཁྲི་གྲོང་ཁྱེར་གྱིས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་རྒྱ་ཁྱབ་སྤེལ་བས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་དོན་གཉེར་བྱེད་པའི་ས་མཐོའི་སྐྱེ་ཁམས་རིག་གནས་ལ་སྔར་བས་སྐུལ་འདེད་ཐེབས་ཡོད། རླུང་འཕྲིན་དང་། བརྙན་འཕྲིན། ཚགས་པར། སྨྱན་སྦྱོར་གསར་པ་སོགས་ཐབས་ལམ་སྣ་ཚོགས་བརྒྱུད། སྐྱེ་ཁམས་སྲུང་སྐྱོང་གི་གལ་ཆེའི་རང་བཞིན་དང་དགོས་གཏུག་རང་བཞིན་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ནས། སྡེ་ཁུལ་དང་། སློབ་གྲྭ ཁེ་ལས་སོགས་སུ་སྐྱེ་ཁམས་ཤེས་དཔལ་གྱི་འཆད་ཁྲིད་དང་ཁོར་ཡུག་སྲུང་སྐྱོང་གི་བྱེད་སྒོ་སྤེལ་བ་དང་། གྲོང་མི་ཚོར་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་འདུ་ཤེས་འཛུགས་པར་ཁྲིད་སྟོན་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་བྱ་སྤྱོད་ནང་རང་རྟོགས་ངང་ཞུགས་ཐུབ་པར་བྱས་ཡོད། དེ་དང་ཆབས་ཅིག་ཉིང་ཁྲིས་སྐྱེ་ཁམས་ཤེས་དཔལ་གྱི་སློབ་གསོ་དེ་སློབ་གྲྭ་འབྲིང་ཆུང་གི་སློབ་གསོའི་མ་ལག་ནང་བཅུག་ནས། གཞོན་ནུ་ལོ་ཆུང་གི་སེམས་སུ་སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་ཀྱི་རྩ་བ་ཚུགས་ཏེ་མྱུ་གུ་འབུས་ཐུབ་པར་བྱས་ཡོད། སྤྱི་དམངས་ཞུགས་པ་དང་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་གྲུབ་པ་དེས་ཉིང་ཁྲི་གྲོང་ཁྱེར་གྱི་ལྗང་མདོག་འཕེལ་རྒྱས་ལ་བསམ་བློའི་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།
སྐྱེ་ཁམས་ཤེས་དཔལ་དང་ལྗང་མདོག་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་བཏང་བ། ཉིང་ཁྲི་གྲོང་ཁྱེར་གྱིས་སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་མཐའ་འཁྱོངས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ཟུང་དུ་འབྲེལ་ནས། སྐྱེ་ཁམས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་ཏེ་སྐྱེ་ཁམས་དང་དཔལ་འབྱོར་གཉིས་ཁེ་མཉམ་སྐྱོད་ཀྱི་ལམ་བུ་གསར་པ་ཞིག་བཏོད་ཡོད། གཞན་ཡང་ཉིང་ཁྲིས་སྐྱེ་ཁམས་ཞིང་ལས་དང་སྐྱེ་ཁམས་ཡུལ་སྐོར་སོགས་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་ཧུར་ཐག་བཏང་བས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ནུས་ལྡན་ཐུབ་ལ། དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་ཀྱང་ཐེབས་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་ཐུབ་ཡོད།
ཁྲིམས་སྐྱོང་འགན་ལེན་དང་སྲིད་ཇུས་ཀྱི་སྐུལ་ལྕག་ནུས་ལྡན་བྱས་པ། ཉིང་ཁྲི་གྲོང་ཁྱེར་གྱིས་སྐྱེ་ཁམས་སྲུང་སྐྱོང་གི་ཁྲིམས་སྐྱོང་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས》དང《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་པའི་སྲོལ་ཡིག》དོན་འཁྱོལ་ནན་པོ་བྱེད་པ་དང་། 《ཉིང་ཁྲི་གྲོང་ཁྱེར་གྱི་ཡར་ཀླུང་གཙང་པོའི་སྲུང་སྐྱོང་སྲོལ་ཡིག》སོགས་ས་གནས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གསར་དུ་བཏོན་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་བརྩི་སྲུང་བྱེད་སའི་སྒྲིག་ལམ་དང་བཅའ་ཁྲིམས་ཡོད་པར་བྱས་ཡོད། སྲིད་གཞུང་སྡེ་ཚན་གྱིས་སྐྱེ་ཁམས་ཁོར་ཡུག་ལ་ལྟ་འདོམས་དང་ཁྲིམས་སྒྱུར་ནན་པོ་བྱེད་པ་དང་ཆབས་ཅིག སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཀྱང་ཆེ་རུ་བཏང་ནས། ཁྲོམ་རའི་བྱེད་པོའི་སྲིད་ཇུས་ཀྱི་སྐུལ་ལྕག་འོག་ལྗང་མདོག་ཐོན་ལས་འཕེལ་རྒྱས་ནང་ཧུར་ཐག་ཞུགས་པས། སྲིད་གཞུང་དང་། ཁྲོམ་ར། སྤྱི་ཚོགས་བཅས་ཕྱོགས་གསུམ་མཉམ་དུ་ཞུགས་པའི་རྣམ་པ་བཟང་པོ་ཞིག་རིམ་བཞིན་གྲུབ་ཡོད།
(《འོད་ཟེར་ཉིན་རེའི་ཚགས་པར》ནས་བརྒྱུད་འགོད་བྱས)